༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༡༡ ཚེས་ ༡༩ ཉིན་ཨ་རུ་ན་ཅལ་མངའ་སྡེའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འགན་འཛིན་ལྷན་ཚོགས་རྒྱ་གར་བྱང་ཤར་ཨི་ཊ་ན་གར་གྲོང་ཁྱེར་དུ་བསྐོང་ཚོགས་གནང་ཡོད་པ་རེད།
དེ་ཡང་འགན་འཛིན་ལྷན་ཚོགས་ཐོག་ཨ་རུ་ན་ཅལ་མངའ་སྡེའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཏར་ཏ་རག་ (Tarh Tarak) ལགས་དང་། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་སྡེ་ཚན་ནང་མའི་ཚོགས་གཙོ་རིན་ཆེན་མཁའ་འགྲོ་ལགས། མངའ་སྡེ་རིམ་པའི་བྱ་ར་གསོ་ཉུལ་ཚོགས་ཆུང་གི་ཚོགས་གཙོ་ཨ་ནོག་ཝང་ས་ (Anok Wangsa) ལགས། གྲངས་ཉུང་མི་རིགས་ཚོགས་པའི་ཚོགས་གཙོ་སམ་བུ་སི་འོང་ཇུ་ (Sambu Siongju) ལགས། བོད་དོན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས། ཨི་ཊ་ན་གར་ནང་པའི་རིག་གཞུང་ཚོགས་པའི་ཚོགས་གཙོ་ལེགས་སྐྱིད་དབང་ཕྱུག་ལགས། མོན་མི་མང་ཚོགས་པའི་ཚོགས་གཙོ་རྡོ་རྗེ་ཕུན་ཚོགས་ལགས། ཀྲུ་ཀྲིང་མོན་པ་བདེ་དོན་ཚོགས་པའི་ཚོགས་གཙོ་པདྨ་རྡོ་རྗེ་ལགས། ཨ་རུ་ན་ཅལ་མངའ་སྡེའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམ་པ་མཉམ་ཞུགས་གནང་ཡོད།
དེ་ཡང་ཚོགས་འདུའི་ཐོག་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་སྡེ་ཚན་ནང་མའི་ཚོགས་གཙོ་རིན་ཆེན་མཁའ་འགྲོ་ལགས་ཀྱིས་ཨ་རུ་ཅ་ན་ཅལ་མངའ་སྡེའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་ཐུབ་པར་དགའ་ཚོར་ཆེན་པོ་བྱུང་སྐོར་གསུངས་རྗེས་མངའ་སྡེའི་བི་ཇེ་པི་སྲིད་དོན་ཚོགས་པའི་ཚོགས་གཞོན་མཆོག་གིས་བོད་དོན་འཐབ་རྩོད་སྤྱི་དང་། ཡང་སྒོས་རྒྱ་གར་མང་ཚོགས་ཁྲོད་བོད་དོན་སྐོར་གོ་རྟོགས་སྤེལ་རྒྱུ་གལ་གནད་ཆེན་པོ་ཆགས་ཡོད་ཅེས་གསུངས། དེ་བཞིན་ཨ་རུ་ན་ཅལ་མངའ་སྡེའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཏར་ཏ་རག་ལགས་ཀྱིས་ཁོང་ཉིད་ཉེ་ལམ་འཕགས་བོད་ས་མཚམས་སུ་ཕེབས་པའི་མྱོང་ཚོར་གསུངས་པ་དང་སྦྲགས། དེ་ལ་བརྟེན་ནས་བོད་དོན་ལ་རྒྱབ་སྐྱོར་སྔར་ལྷག་བྱ་རྒྱུའི་སེམས་ཤུགས་སྐྱེད་སྐོར་དང་། བོད་མི་དང་ཨ་རུ་ན་ཅལ་མི་མང་བར་སེམས་ཐག་ཉེ་པོ་ཡོད་ཚུལ་འགྲེལ་བརྗོད་གནང་ཡོད།
གཞན་ཡང་ཚོགས་འདུའི་ཐོག་བློན་ཆེན་ཟུར་པ་ཨ་ནོག་ཝང་ས་ལགས་དང་། བོད་དོན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས། ཨ་རུ་ན་ཅལ་མངའ་སྡེའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲུང་ཆེ་ཉི་མ་སེངྒེ་ལགས་སོགས་ནས་བོད་དོན་འཐབ་རྩོད་དང་། རྒྱ་གར་གྱི་བདེ་འཇགས། འཕགས་བོད་ཀྱི་འབྲེལ་ལམ། རྒྱ་གར་ནས་བོད་དོན་ལ་རྒྱབ་སྐྱོར་གནང་ཚུལ་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད་པ་བཅས།།