༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༡༡ ཚེས་ ༢༩ ཉིན་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ཐོག་ཉན་ཞིབ་གནང་རྗེས་ཚོགས་ཆུང་སྤྱི་མོས་ཐོག་ནས་ཁྲིམས་འཆར་ལ་ཆོག་མཆན་བཀའ་འཁྲོལ་གནང་བར་བོད་མིའི་སྒྲིག་འཛུགས་ནས་དགའ་བསུ་ཞུ་གི་ཡོད།
གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་ཆོག་མཆན་གནང་བའི་ཁྲིམས་འཆར་དེ་བཞིན་དེ་སྔོན་གྲོས་ཚོགས་འཐུས་མི་ཇིམ་མེག་གྷོ་ཧན་ (Jim McGovern) ལགས་དང་། གྲོས་ཚོགས་འཐུས་མི་མ་ཧི་ཀལ་མེག་ཀོལ་ (Michael McCaul) ལགས། གྲོས་ཚོགས་འཐུས་མི་ཇེབ་མར་ཀི་ལི་ (Jeff Merkley) ལགས། གྲོས་ཚོགས་འཐུས་མི་ཀྲོཊ་ཡོང་ (Todd Young) ལགས་བཅས་ནས་ངོ་སྤྲོད་གནང་བའི་ཁྲིམས་འཆར་གྱི་བསྐྱར་བཅོས་ཡིན་ཞིང་། ཁྲིམས་འཆར་དེ་བརྒྱུད་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་ཨ་རིའི་གཞུང་འབྲེལ་སྲིད་བྱུས་ཐོག་ནས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་བམ་མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་བོད་མིའི་དབུ་ཁྲིད་ལྷན་དུ་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་གྲོས་མོལ་ཡོང་ཐབས་ཐད་རྒྱབ་སྐྱོར་བསྐྱར་ནན་གནང་བ་ཞིག་ཆགས་ཡོད།
ཕྱི་ལོ་ ༢༠༠༢ ནས་ ༢༠༡༠ བར་རྒྱ་ནག་གཞུང་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་བར་གྲོས་མོལ་ཐེངས་དགུ་གནང་རྗེས་རྒྱ་གཞུང་གིས་གྲོས་མོལ་མཚམས་འཇོག་བྱས་ཤིང་། དེའི་ཚབ་ཏུ་རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་གོམས་སྲོལ་རྩ་མེད་བཟོས་ཏེ་བོད་མིའི་ངོ་བོ་ནག་སུབ་གཏོང་ཆེད་བོད་ནང་མི་སེར་སྤེལ་ཡུལ་གྱི་སྲིད་བྱུས་དང་ལས་གཞི་རིམ་པ་ལག་བསྟར་བྱེད་བཞིན་ཡོད།
ཁྲིམས་འཆར་འདིས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་གནའ་དུས་ནས་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་བཤད་པ་དེ་ལོ་རྒྱུས་ཐོག་ནས་བདེན་པ་མིན་པའི་གསལ་སྟོན་བྱེད་པ་དང་སྦྲགས། ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་རྒྱ་ནག་གཞུང་གིས་བོད་ཀྱི་ལོ་རྒྱུས་དང་། རིག་གཞུང་། དགའ་ལྡན་ཕོ་བྲང་ཐེ་བའི་སྒྲིག་འཛུགས་ཀྱི་སྐོར་འཁྱོག་བཤད་བྱེད་བཞིན་པར་ཁ་གཏད་གཅོག་རྒྱུར་དབང་ཚད་སྤྲད་ཡོད།
དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༡༦ ནས་ ༢༠ བར་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་དེ་མདུན་སྐྱོད་ཡོང་ཐབས་སུ་ཆེད་ཕེབས་གནང་ཡོད་པ་མ་ཟད། ཁོང་གིས་ཁྲིམས་འཆར་དེ་ཨ་རིའི་གྲོས་ཚོགས་སྐབས་ ༡༡༨ ཐོག་གཏན་འབེབས་ཡོང་བའི་ཐུགས་རེ་ཆེན་པོ་ཡོད་སྐོར་གསུངས་ཡོད། དེ་ཡང་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་བཤད་པ་དེ་རྟོག་བཅོས་ཡིན་པ་དང་དེར་ལོ་རྒྱུས་ཐོག་ནས་བདེན་པའི་ཆ་མེད། ང་ཚོ་བོད་མི་རྣམས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་འོག་ཏུ་ལོ་ངོ་བཅུ་ཕྲག་དུ་མའི་རིང་དཀའ་སྡུག་ཚད་མེད་མྱངས་ཡོད། འོན་ཀྱང་ང་ཚོས་རྟག་ཏུ་མ་མཐུན་པའི་ཆ་དེ་འཚེ་བ་མེད་པ་དང་། ཞི་མོལ་ཐོག་ནས་འགྲིག་འཇགས་ཡོང་ཐབས་ལ་འབད་རྩོལ་བྱས་ཡོད། ཅེས་དང་།
དེ་བཞིན་མུ་མཐུད་དཔལ་ལྡན་སྲིད་སྐྱོང་མཆོག་གིས། ཁྲིམས་འཆར་འདིས་ཨ་རི་གཞུང་ངོས་ནས་བོད་རྒྱ་འབྲེལ་མོལ་གྱི་དགོས་འདུན་ཤུགས་ཆེ་རུ་གཏོང་བ་དང་ཛ་དྲག་ཅན་དུ་ངོས་འཛིན་པར་ཕན་ཐོགས་པ་མ་ཟད། དེ་དང་ཆབས་ཅིག་བོད་མི་རྣམས་ལ་རང་ཉིད་ཀྱི་རྒྱལ་ཁབ་ལ་འགན་དབང་སྤྲོད་ཀྱི་ཡོད། དེ་ཡིས་བོད་དོན་ལ་ཕན་ཐོགས་ཡོང་རྒྱུ་ཙམ་མ་ཡིན་པར། འཛམ་གླིང་ཁྱོན་ཡོངས་སུ་མང་གཙོ་དང་། གྲོས་མོལ། ཞི་བདེའི་རྩ་དོན་ལ་རྒྱལ་ཁ་ཐོབ་པ་ཆགས་ཀྱི་ཡོད། དེར་བརྟེན། ང་ཚོས་ཁྲིམས་འཆར་འདི་གྲོས་ཚོགས་གཉིས་ཀའི་ནང་གཏན་འབེབས་ཀྱིས་སྲིད་འཛིན་གྱི་ལས་ཁུངས་སུ་འགྲོ་ཐུབ་པའི་གདེང་ཚོད་ཡོད།
ང་ཚོས་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་མ་ཧི་ཀལ་ཀེག་ཀོལ་ (Michael McCaul) ལགས་དང་། ཚོགས་མི་གྷེ་རེ་གོ་རི་མིག་ (Gregory Meeks) ལགས་ཀྱིས་གཙོས་པའི་ཚོགས་མི་རྣམས་ནས་བོད་དོན་ཁྲིམས་འཆར་ལ་ཆོག་མཆན་བཀའ་འཁྲོལ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཁྲིམས་འཆར་འདི་ཉིད་ནི་ཨ་རིའི་གཞུང་གིས་རྟག་དུ་བོད་དོན་ལ་རྒྱབ་སྐྱོར་གནང་བ་བཞིན་གྲོས་ཚོགས་ཀྱི་སྲིད་དོན་ཚོགས་པ་ཟུང་སྦྲེལ་གྱི་རྒྱབ་སྐྱོར་འོག་གཞི་གྲུབ་པ་ཡིན་ཞེས་གསུངས་ཡོད།།