༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༡༡ ཚེས་ ༠༦ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་ལམ་བལ་ཡུལ་ནུབ་ཕྱོགས་སུ་ས་འགུལ་གྱི་གོད་ཆག་བྱུང་སྟེ་མི་རྒྱུ་ཟོག་གསུམ་ལ་གནོད་སྐྱོན་ཚབས་ཆེ་འཕོག་པར་བལ་ཡུལ་གྱི་སྲིད་བློན་པུཤ་པ་ཀ་མལ་ད་ཧལ་ (Pushpa Kamal Dahal) མཆོག་ལ་ཐུགས་གསོའི་གསུང་འཕྲིན་སྩལ་འདུག
དེ་ཡང་ཐུགས་གསོའི་གསུང་འཕྲིན་ནང་། ངོས་ཀྱིས་རྐྱེན་ངན་དེའི་ཁྲོད་འདས་གྲོངས་སུ་འགྱུར་མཁན་གྱི་ལྟོས་བཅས་ནང་མི་རྣམས་ལ་སེམས་གསོ་དང་། གནོད་སྐྱོན་འཕོག་མཁན་ཚོའི་ཆེད་སྨོན་ལམ་འདེབས་ཀྱི་ཡོད། སྐུ་ཉིད་ཀྱི་སྲིད་གཞུང་དང་འབྲེལ་ཡོད་ཚོགས་པ་ཁག་ནས་གོད་ཆགས་ཀྱི་གནོད་སྐྱོད་ཕོག་མཁན་ཚོར་ཕན་གྲོགས་དང་དགོས་ངེས་རོགས་སྐྱོར་གནང་གི་ཡོད་པ་ངོས་ཀྱིས་ཤེས་ཀྱི་ཡོད།
ངོས་ཀྱིས་བལ་ཡུལ་མི་མང་ལ་གདུང་སེམས་མཉམ་སྐྱེ་མཚོན་ཆེད་ངལ་སེལ་སྐྱོབ་གསོའི་སླད་ཞལ་འདེབས་འབུལ་ཐུབ་པའི་རེ་བ་རྒྱག་གི་ཡོད་ཅེས་བཀའ་སྩལ་ཡོད་པ་བཅས།།