༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༡༡ ཚེས་ ༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀོ་རི་ཡའི་དགེ་སློང་ཅིན་ཨོག་སོགས་དད་ལྡན་མཇལ་བཅར་བ་བརྒྱ་ཕྲག་ཙམ་ལ་བཀའ་སློབ་དང་དྲི་བར་བཀའ་ལན་སྩལ་ཡོད།
དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཟིམ་ཆུང་ནས་མཇལ་འཕྲད་ཁང་དུ་ཆིབས་བསྒྱུར་གྱིས་༸ཞབས་སྟེགས་སུ་འཁོད་མཚམས་མགོན་པོ་གང་ཉིད་མཆོག་དང་སྐུའི་གཅུང་པོ་བློ་བཟང་བསམ་གཏན་ལྷན་སྐུ་རྩེད་གནང་བ་དྲན་གསོ་དང་འབྲེལ་འཚམས་འདྲི་མཛད་པ་དང་། ཀོ་རི་ཡའི་དགེ་སློང་ཅིན་ཨོག་སོགས་ནས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས་པ་དང་འབྲེལ་བཀའ་སློབ་སྩལ་དོན། ངོས་ཀྱི་གཟུགས་པོ་ཧ་ཅང་བདེ་པོ་འདུག རྨི་ལམ་ལ་བལྟས་པ་ཡིན་ན་ཕལ་ཆེར་ངོས་རང་ལོ་བརྒྱ་དང་བཅུའི་རིང་སྡོད་ཀྱི་རེད། ཅེས་དང་། དགེ་སློང་ཅིན་ཨོག་གིས་༸གོང་ས་མཆོག་གི་བཀའ་སློབ་དེབ་གཅིག་ཀོ་རི་ཡའི་སྐད་དུ་མི་འགྱང་བར་དཔར་བསྐྲུན་བྱ་རྒྱུ་ཡིན་པ་༸སྙན་སེང་ཞུས་རྗེས་ཀོ་རི་ཡའི་དགེ་འདུན་པ་རྣམས་གཙོས་པའི་མི་མང་ཡོངས་ཀྱིས་རང་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གནང་མཚམས་བཀའ་སློབ་སྩལ་དོན། དེ་རིང་ཀོ་རི་ཡའི་ཆོས་གྲོགས་ཚོར་ཐུག་ནས་ངོས་རང་ཧ་ཅང་དགའ་བོ་བྱུང་། དེང་སང་འཛམ་གླིང་འདིར་སྔར་སངས་རྒྱས་པའི་ཆོས་མ་དར་སའི་ལུང་པའི་ནང་དུའང་སངས་རྒྱས་པའི་ཆོས་ལ་དོ་སྣང་གསར་པ་བྱེད་པ་དང་། ལྷག་པར་སེམས་ཁམས་རིག་པའི་སྐོར་ལ་ནུབ་ཕྱོགས་རྒྱལ་ཁབ་ཏུ་དོ་སྣང་བྱེད་མཁན་ཇེ་མང་ཇེ་མང་དུ་འགྲོ་བཞིན་འདུག ངོས་ལ་ངོ་ཤེས་ཚན་རིག་པ་མང་པོ་ཡོད། ཁོ་ཚོར་ཆོས་དད་ཡོད་པ་མ་རེད། སེམས་ཁམས་རིག་པའི་སྐོར་བཤད་སྐབས་གཞི་ནས་ནང་པའི་གཞུང་ནས་གསུངས་པ་ལ་དོ་སྣང་བྱེད་ཀྱི་འདུག གང་ལྟར་ང་ཚོ་ཚང་མས་སེམས་སྐྱིད་པོའི་བདེ་སྐྱིད་གལ་ཆེན་པོར་བརྩི་བཞིན་ཡོད། སེམས་ཀྱི་བདེ་སྐྱིད་ནི་སྨོན་ལམ་བརྒྱབ་ནས་འགྲུབ་པ་ཞིག་ཕལ་ཆེར་མ་རེད། སེམས་ཀྱི་བདེ་སྐྱིད་དཀྲུགས་མཁན་གང་ཡིན་པ་ལ་དོ་སྣང་བྱས་ཏེ་དེའི་ཐོག་ནས་སེམས་ཞི་བདེ་ཡོང་བ་ཞིག་དགོས། དེར་བརྟེན་དེང་སང་སེམས་ཞི་བདེ་ཡོང་བའི་ཐོག་དོ་སྣང་བྱེད་མཁན་ཡོང་གི་འདུག
ངོས་རང་ལ་མཚོན་ན་ཆོས་ལུགས་ཚང་མར་གུས་ཞབས་བྱེད་ཀྱི་ཡོད། ཡིན་ནའང་ཆོས་ལུགས་སྣ་ཚོགས་ཡོད་པའི་ནང་ནས་སངས་རྒྱས་པའི་ཆོས་ཀྱི་སེམས་ཁམས་རིག་པ་དང་འབྲེལ་ནས་སེམས་དཀྲུགས་མཁན་དེས་ག་རེ་བྱེད་ཀྱི་ཡོད་པ་དེ་ངོ་སྤྲོད་དང་། སེམས་དཀྲུགས་མཁན་ཉུང་དུ་གཏོང་བ་དང་། དེ་ནས་སེམས་ལ་ཞི་བདེ་ཡོང་བ་ཞིག་བྱེད་ཀྱི་ཡོད། སེམས་ཀྱི་སྐོར་ལ་འགྲེལ་བཤད་ཞིབ་ཚགས་པོ་ཡོད་པ་ནི་ཕལ་ཆེར་ནང་པའི་ཆོས་སྤྱི་དང་། ལྷག་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཧ་ཅང་ཡག་པོ་རེད། དེང་སང་ཆོས་ལ་དད་པ་མེད་མཁན་ཚོས་ཀྱང་སངས་རྒྱས་པའི་གཞུང་ནས་བྱུང་བའི་སེམས་ཁམས་རིག་པ་དང་འབྲེལ་བའི་སེམས་ཀྱི་ཞི་བདེ་སྒྲུབ་པ་ལ་དོ་སྣང་བྱེད་ཀྱི་འདུག ང་ཚོ་ཕ་མེས་ནས་སངས་རྒྱས་པའི་ཆོས་ཀྱི་ཐོག་འགྲོ་བཞིན་ཡོད་པས་བསྐལ་པ་བཟང་པོ་རེད།དེང་སང་ཆོས་ལུགས་དང་མ་འབྲེལ་བའི་སྤྱོད་བཟང་བཤད་ཀྱི་ཡོད། སངས་རྒྱས་པའི་ཆོས་ཀྱི་འགྲོ་སྟངས་ནི་འཇིག་རྟེན་བཀོད་པ་པོ་དཀོན་མཆོག་ཟེར་བ་ལྟ་བུ་ཁས་བླངས་ནས་སྨོན་ལམ་བརྒྱབ་སྟེ་ཞི་བདེ་བཟོ་བ་མིན་པར་སེམས་སྦྱོང་བརྡར་བྱས་ཏེ་ཞི་བདེ་བཟོ་བ་ཞིག་ཡིན། ངོས་རང་ལ་མཚོན་ན་ཞོགས་པ་ཡར་ལངས་པ་དང་སེམས་ཀྱི་ཞི་བདེའི་སྐོར་ལ་བསམ་བློ་གཏོང་གི་ཡོད། གཙོ་བོ་གཞན་ཕན་གྱི་བློ་ལ་བསམ་བློ་ཡག་པོ་གཏོང་བ་དང་ཆབས་ཅིག་སེམས་མ་སྐྱིད་པ་གང་གིས་བཟོ་བཞིན་པ་ལ་ཞིབ་འཇུག་བྱས་ཏེ་ཞི་བདེ་འཚོལ་གྱི་ཡོད་པ་རེད། སེམས་ཀྱི་ཞི་བདེ་དཀྲུགས་མཁན་ཕྱི་ལོག་ནས་ཡོང་དགོས་ཀྱི་མི་འདུག བསམ་བློ་གཏོང་སྟངས་ཀྱི་ཐོག་ནས་སེམས་ཀྱི་ཞི་བདེ་དཀྲུགས་ཡོང་གི་ཡོད། འཛམ་གླིང་འདིའི་སྟེང་མི་གཅིག་མཚུངས་ཡིན་ནའང་གཅིག་གིས་གཅིག་ལ་གནོད་པ་བསྐྱལ་ནས་འཁྲོས་སྡོད་པ་དེ་སྐྱེས་པའི་སྐབས་ནས་ཡོད་པ་མ་རེད། ག་ལེར་བསམ་བློའི་ནང་དུ་ཞི་བདེ་དང་བྱམས་བརྩེ་མེད་པར་ང་དང་ཁྱོད་ཟེར་བའི་ཆགས་སྡང་གི་བློའི་ཐོག་ནས་རྙོག་དྲ་དེ་ཆགས་ཀྱི་ཡོད། སེམས་ཀྱི་ཞི་བདེ་བྱུང་དུས་སེམས་ལྷོད་ལྷོད་དང་གཉིད་ཀྱང་སྐྱིད་པོ་འདུག ང་ཚོར་ཚེ་སྒྲུབ་ཟེར་བ་ཞིག་ཡོད། སེམས་ཀྱི་ཞི་བདེ་ཡག་པོ་བྱུང་ན་ཚེ་སྒྲུབ་དེ་རེད་འདུགགོང་དུ་ཞུས་པ་བཞིན་ནང་ཆོས་དང་འབྲེལ་བ་མེད་མཁན་ཚན་རིག་པ་སེམས་ཁམས་རིག་པའི་སྐོར་ལ་དོ་སྣང་བྱེད་མཁན་ནམ། སེམས་ཀྱི་ཞི་བདེའི་སྐོར་ལ་དོ་སྣང་བྱེད་མཁན་ཚོས་སངས་རྒྱས་པའི་གཞུང་ནས་གསུངས་པའི་སེམས་ཀྱི་ཞི་བདེ་བཟོ་སྟངས་སྐོར་ལ་དོ་སྣང་བྱེད་ཀྱི་འདུག ངོས་རང་བཙན་བྱོལ་དུ་སླེབས་ནས་མི་མང་པོར་ཐུག་ཡོང་སྐབས་སེམས་ཀྱི་ཞི་བདེར་དོ་སྣང་བྱེད་མཁན་ཚན་རིག་པ་མང་པོ་ངོས་ལ་ཐུག་འཕྲད་དུ་ཡོང་གི་འདུག ངོས་ལ་མཚོན་ན་བཙན་བྱོལ་བ་ཆགས་པ་དང་། བོད་ལུང་པར་དཀའ་ངལ་ཧ་ཅང་མང་པོ་ཞིག་ཡོད་ཀྱང་སེམས་ཀྱི་ཞི་བདེ་གནས་ཐུབ་ཀྱི་འདུག བོད་དུ་དཀའ་ངལ་སྤྲོད་མཁན་རྣམས་ལ་དངོས་གནས་སྙིང་རྗེ་སྐྱེས་པ་མ་གཏོགས་ཁོང་ཁྲོ་སྐྱེས་ཀྱི་མི་འདུག བོད་ཀྱི་ཆོས་དང་རིག་གཞུང་ལ་བསམ་གནག་བྱེད་མཁན་ཚོ་རྨོངས་པའི་དབང་གིས་བྱེད་ཀྱི་ཡོད་པ་རེད་བསམ་ནས་སྙིང་རྗེ་སྐྱེས་ཀྱི་འདུག ངོས་ཀྱི་ལས་འགན་གཙོ་བོ་གཅིག་ནི་འཛམ་གླིང་འདིར་སྙིང་རྗེ་ཡར་སྤེལ་ཐུབ་ན་བསམ་པ་དྲན་གྱི་ཡོད། ཆུང་ཆུང་སྐབས་ནས་ཨ་མས་བརྩེ་བ་བྱེད་པ་ཞིག་རང་བཞིན་གྱིས་ཡོད་ཅིང་། དེ་ལ་ཆོས་ཀྱི་སྐད་ཆ་མེད། ང་ཚོར་ཨ་མས་འོ་མ་སྤྲད་ནས་གསོས་པ་ཡིན་པས་ཆུང་ཆུང་སྐབས་ནས་ཨ་མ་ལ་བརྩེ་བ་བྱེད་པ་དང་། ཨ་མས་བུ་ལ་བརྩེ་བ་བྱེད་པའི་བརྩེ་བ་དེ་ང་ཚོས་མུ་མཐུད་ནས་ཡར་རྒྱས་གཏོང་ཐུབ་ན་དེ་གལ་ཆེན་པོ་འདུག ངོས་ཀྱི་སྨོན་ལམ་དང་རེ་བ་ནི་འཛམ་གླིང་གི་མི་ཚང་མ་ཨ་མ་ནས་སྐྱེས་པ་ཤ་སྟག་དང་། ཨ་མའི་འོ་མས་གསོས་པ་ཤ་སྟག་རེད། ཆུང་ཆུང་སྐབས་ནས་ཨ་མས་གནང་བའི་བརྩེ་བ་ལ་དོ་སྣང་ཆེ་ཙམ་བྱས་ན་དྲན་གྱི་ཡོད། དཔེ་ཆའི་ནང་དུ། མར་ཤེས། དྲིན་དྲན། དྲིན་བཟོ། ཡིད་འོང་གི་བྱམས་པ། སྙིང་རྗེ། ལྷག་བསམ། སེམས་བསྐྱེད་གསུང་གི་ཡོད། སྙིང་རྗེ་ནི་ཆོས་ཁས་ལེན་དང་མི་ལེན་གྱི་སྐད་ཆ་མ་རེད། འཇིག་རྟེན་བཀོད་པ་པོ་ཡོད་མེད་ཀྱི་སྐད་ཆ་མེད། རང་བཞིན་གྱིས་སེམས་པ་བཟང་པོ་བྱེད་རྒྱུ་དེ་གཙོ་བོ་རེད།ངོས་རང་ལ་མཚོན་ན་ཞོགས་པ་ཡར་ལངས་པ་དང་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཤུགས་ཆེན་པོ་སྒོམ་གྱི་ཡོད། དེས་སེམས་ཀྱི་ཞི་བདེ་ཡོང་བ་ལ་ཁྱད་པར་ཆེན་པོ་འདུག གོང་དུ་ཞུས་པ་ལྟར་དངོས་གནས་བོད་ཀྱི་ཆོས་དང་རིག་གཞུང་ལ་གནག་སེམས་གནོད་སེམས་བཅིངས་མཁན་ལ་སྙིང་རྗེའི་བློ་སྐྱེས་པ་དང་། དེ་དག་རྨོངས་པའི་གཞན་དབང་དུ་སོང་བའི་དབང་གིས་ཐབས་སྐྱོ་བོ་རེད་བསམ་པ་མ་གཏོགས་ཁོང་ཁྲོ་མི་འདུག ངོས་རང་བཙན་བྱོལ་བ་བྱས་ཏེ་མི་མང་པོར་ཐུག་གི་ཡོད། བརྩེ་བ་གལ་ཆེན་པོ་རེད་ཅེས་ཆོས་ལུགས་ཀྱི་གྲུབ་མཐའི་སྐོར་ལ་སྐད་ཆ་མེད་པར་བཤད་ཀྱི་ཡོད། ཨ་མའི་ནུ་ཞོས་གསོས་པ་ནས་ཡོད་པའི་སེམས་ཀྱི་བརྩེ་བ་དེ་མུ་མཐུད་སེམས་ལ་འཇོག་པ་དགོས་ལ། བརྩེ་བའི་བློ་སེམས་ཅན་ཀུན་ལ་དགོས། དུད་འགྲོ་ཚོ་ཡིན་ནའང་རང་གི་མའི་ནུ་ཞོ་ལ་བརྟེན་ནས་བུ་ཕྲུག་ཚོ་འཚོ་དགོས་ཀྱི་ཡོད། དེར་བརྟེན། བརྩེ་བའི་བློ་དེ་ཧ་ཅང་གལ་ཆེན་པོ་རེད། ཆོས་ཁས་བླངས་ཀྱང་མ་བླངས་ཀྱང་བརྩེ་བའི་བློ་ཧ་ཅང་གལ་ཆེན་པོ་རེད་ཅེས་ངོས་ཀྱིས་བརྗོད་ཀྱི་ཡོད།
བློ་སྦྱོང་ཚིགས་བརྒྱད་མ་ལས། བདག་ནི་སེམས་ཅན་ཐམས་ཅད་ལ། །ཡིད་བཞིན་ནོར་བུ་ལས་ལྷག་པའི། །དོན་མཆོག་སྒྲུབ་པའི་བསམ་པ་ཡིས། །རྟག་ཏུ་གཅེས་པར་འཛིན་པར་ཤོག །ཅེས་གསུངས་པའི་དོན་འདི་ཧ་ཅང་ཡག་པོ་འདུག རང་གི་བདེ་སྐྱིད་གཞན་ལ་བརྟེན་ནས་ཡོང་དགོས་ཀྱི་ཡོད་པས་སེམས་ཅན་ཚང་མ་དངོས་གནས་བདེ་བ་དང་ལྡན་པ་ཡོང་ཐུབ་པར་སྨོན་ལམ་རྒྱག་གི་ཡོད། དེ་རིང་འདིར་ཀོ་རི་ཡའི་ཆོས་གྲོགས་ཚོར་མཇལ་བ་རེད། ང་ཚོ་ཚང་མ་བཅོམ་ལྡན་འདས་ཀྱི་རྗེས་འབྲངས་དང་པྲ་ཛྙཱ་པཱ་ར་མི་ཏཱ་ལ་དོ་སྣང་བྱེད་མཁན་གཅིག་གྱུར་ཆགས་ཡོད། ང་ཚོ་མི་ཡིན་པའི་ཆ་ནས་འཛམ་གླིང་འདིར་བརྩེ་བ་གོང་འཕེལ་གཏོང་བ་གཅིག་དང་། ལྷག་པར་དུ་ང་ཚོ་བཅོམ་ལྡན་འདས་བྱམས་སྙིང་རྗེ་གཙོ་བོར་གསུང་མཁན་གྱི་སྟོན་པ་ཞིག་གི་རྗེས་འབྲངས་ཡིན་པའི་ཆ་ནས་འཛམ་གླིང་འདིར་བྱམས་བརྩེ་གོང་འཕེལ་གཏོང་རྒྱུ་ང་ཚོ་ཚང་མའི་ལས་འགན་རེད། ཅེས་སོགས་བཀའ་སློབ་སྩལ་རྗེས་དྲི་བ་དྲིས་ལན་དང་། མཐར་སྐུ་པར་ལྷན་སྒྲོན་མཛད་ཡོད་པ་བཅས།།