༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༡༡ ཚེས་ ༠༨ ནས་ ༡༠ བར་སིམ་སྤྱི་ལས་ཁུངས་ནས་ཧི་མ་ཅལ་མངའ་སྡེའི་དཔོན་རིགས་ཁག་ལ་དཱི་པཱ་བ་ལཱིའམ་སྒྲོན་མེ་དུས་ཆེན་ལ་འཚམས་འདྲི་ཞུས་ཡོད་པ་རེད།
དེ་ཡང་འཚམས་ཞུའི་སྐབས་སིམ་སྤྱི་ལས་ཁུངས་ཀྱི་ལས་བྱེད་དང་། ས་གནས་ཡན་ལག་སྨན་རྩིས་ཁང་གི་སྨན་པ་བཅས་ནས་གྲུབ་པའི་འཐུས་ཚབ་ཚོགས་ཆུང་ནས་ཧི་མ་ཅལ་མངའ་སྡེའི་སྲིད་སྐྱོང་ཤིབ་པྲ་ཏཱབ་ཤུཀླ་མཆོག་དང་། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལས་ཁུངས། མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་པྲ་བོདྷ་སཀྶེནཱ་ལགས། ཁྲལ་བབ་དྲུང་ཆེ་ཨོན་ཀཱར་ཅནྡ་ཤར་མཱ་ལགས། དྲུང་ཆེ་ལས་འཕར་ཛྙཱན་སཱ་གར་ནེ་གི་ལགས་སོགས་གནད་ཡོད་དཔོན་རིགས་ཁག་ལ་མཇལ་བཅར་གྱིས་སྒྲོན་མེའི་དུས་ཆེན་ལ་འཚམས་འདྲི་ཞུས་ཡོད།
སྐབས་དེར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལས་ཁུངས་ནས་ཧི་མ་ཅལ་མངའ་སྡེའི་ནང་གི་བོད་མི་སྤྱི་དང་། ཡང་སྒོས་སིམ་ལ་ཁུལ་གྱི་བོད་མིའི་གནས་སྟངས་སྐོར་གྲོས་མོལ་གནང་ཡོད། འཚམས་ཞུའི་མཇལ་བཅར་སྐབས་སིམ་སྤྱི་ལས་ཁུངས་ནས་གནད་ཡོད་མི་དཔོན་རིགས་རྣམས་ལ་བོད་དང་བོད་མིར་རྒྱབ་སྐྱོར་མུ་མཐུད་གནང་དང་གནང་མུས་ལ་ཐུགས་རྗེ་ལེགས་འབུལ་ཞུས་ཡོད་པ་བཅས།།