༄༅། །ཌལ་ཧོར་ཕུན་ཚོགས་གླིང་བོད་མིའི་ལག་ཤེས་བཟོ་གྲྭར་རྩིས་དྲུང་ས་མིག་གཅིག་བསྐོ་གཞག་ཞུ་རྒྱུ་ཡིན་ན། རང་རེའི་སྤྱི་ཚོགས་ཁྲོད་གོང་གསལ་ས་མིག་ཐོག་ཞབས་ཞུ་འདོད་བློ་ཡོད་རིགས་ནས་གློག་འཕྲིན་ ([email protected]) བརྒྱུད་འཚང་སྙན་འབུལ་གནང་དགོས་རྒྱུ།
ཀ༽ ཆ་རྐྱེན་དང་དགོས་མཁོའི་ཡིག་ཆ།
༡། ཤེས་ཚད། དམའ་མཐར་ (B.com) ཐོན་པའམ་ཡང་ན་དེ་དང་མཉམ་པའི་ཤེས་ཚད་ལག་འཁྱེར་དགོས་པ། (M. Com) ཐོན་པ་དང་རྩིས་དྲུང་གི་ཉམས་མྱོང་ཅན་ལ་དམིགས་བསལ་དགོངས་བཞེས་ཡོད།
༢། ལོ་ཚད། ཕྱི་ལོ་ ༢༠༢༣ ཟླ་ ༡༢ ཚེས་ ༢༠ ཉིན་རང་ལོ་ ༡༨ ཡན་ལོན་པ་དང་ ༤༠ མ་བརྒལ་བ་ཡིན་དགོས།
༣། རྒྱུགས་གཞི། བོད་ཡིག་དང་། ཨིན་ཡིག རྩིས་རིག་བཅས་སློབ་ཚན་གསུམ་ཐོག་འབྲི་རྒྱུགས་དང་། བོད་སྐད་ཐོག་ངག་རྒྱུགས་ལེན་རྒྱུ།
༤། ས་གནས་སུ་ཉུང་མཐར་ལོ་གསུམ་ལས་བཅར་དགོས་པ།
༥། དོ་བདག་གི་ཞུ་སྙན་དང་། (Curriculum Vitae) དགོས་པ།
༦། དང་བླངས་དཔྱ་དངུལ་ལག་དེབ་འབུལ་འབབ་གཙང་ཕུལ་ཟིན་པའི་ངོ་བཤུས་དང་། གནས་ཡུལ་རྒྱལ་ཁབ་ཏུ་ཁྲིམས་མཐུན་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་འཁྱེར་གྱི་ངོ་བཤུས།
༧། སྨན་ཁང་ཚད་ལྡན་ནས་ནད་གཅོང་དང་འགོས་ནད་རིགས་མེད་པར་གཟུགས་བབ་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར།
༨། རང་ཉིད་གཏན་སྡོད་བྱ་ཡུལ་ས་གནས་འགོ་འཛིན་ནམ་སྒྲིག་ཁོངས་འགན་འཛིན་ནས་བྱ་སྤྱོད་ཉེས་སྐྱོན་མེད་པའི་ངོས་སྦྱོར།
༩། སྤྱི་སྒེར་གང་རུང་ནང་ལས་ཀ་བྱེད་མུས་ཡིན་ཚེ་ལས་ཡུལ་སྡེ་ཚན་ནས་དགག་ཆ་མེད་པའི་ངོས་སྦྱོར།
ཁ༽ ཕོགས་དང་ཁེ་ཕན་མཐུན་རྐྱེན།
༡། ཟླ་རེར་གླ་ཕོགས་ཧིན་སྒོར་ ༢༠,༠༠༠།༠༠ དང་ལས་ཤག་གི་ཐོབ་ཐང་ཌལ་ཧོར་བོད་མིའི་ལག་ཤེས་བཟོ་གྲྭའི་ལས་བྱེད་སྤྱི་མཚུངས་ལྟར་ཡིན།
༢། གུང་གསེང་དང་ནད་དགོངས་ཀྱི་ཐོབ་ཐང་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་ལས་བྱེད་ལྟར་འཐོབ་རྒྱུ།
གོང་གསལ་ཡིག་ཆའི་ངོ་བཤུས་ཁག་ལ་འབྲེལ་ཡོད་ས་གནས་འགོ་འཛིན་ནམ་བོད་མིའི་སྒྲིག་འཛུགས་སྲི་ཞུ་བ་ཟུང་དྲུང་གནས་རིམ་ཡན་སུ་རུང་གི་དག་མཆན་ལས་དམ་ཞུས་ཏེ། ཕྱི་ལོ་ ༢༠༢༣ ཟླ་༡༢ ཚེས་ ༢༠ ཉིན་རྒྱབ་ཆུ་ཚོད་ ༥ ནང་ཚུད་འདི་ག་ལས་ཁུངས་སུ་ཕུལ་འབྱོར་ཟིན་པ་དགོས་རྒྱུ་བཅས་ཡོངས་ཁྱབ་གསལ་བསྒྲགས་སུ། ཌལ་ཧོར་ཕུན་ཚོགས་གླིང་བོད་མིའི་ལག་ཤེས་བཟོ་གྲྭ་ནས་ཕྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༡༧ ལ།།
ཡིག་རྒྱུགས་བརྒྱ་ཆ། འདེམས་རྒྱུགས་འཕྲོད་པར་རྩིས་རིག་སློབ་ཚན་ཡིག་རྒྱུགས་དེར་བརྒྱ་ཆ་ ༦༠% དང་། བོད་ཨིན་སློབ་ཚན་སོ་སོར་བརྒྱ་ཆ་ ༣༣% རེ་བཅས་ལོན་དགོས་པ་ཡིན།