༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༡༡ ཚེས་ ༢༤ ཉིན་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ (Bharat Tibbat Sahyog Manch) གོ་སྒྲིག་འོག་རྟ་དབང་གནས་སྐོར་ལས་འགུལ་ཐེངས་བཅུ་གཉིས་པའི་དབུ་འབྱེད་མཛད་སྒོར་དི་སི་པུར་དུ་འཚོགས་ཡོད་པ་དང་། ཕྱི་ཚེས་ ༢༥ ཉིན་རྒྱ་གར་རྒྱལ་ཡོངས་དང་བླངས་ཞབས་ཞུ་ཚོགས་པའི་དབུ་ཁྲིད་རྒན་གྲས་ཨིན་དྲེཤ་ཀུ་མཱར་ལགས་གཙོ་བཞུགས་ཐོག་ལས་འགུལ་དངོས་སུ་དབུ་འཛུགས་ཞུས་ཡོད།
དེ་ཡང་རྟ་དབང་གནས་སྐོར་ལས་འགུལ་གྱི་དབུ་འབྱེད་མཛད་སྒོའི་ཐོག་ཨ་སམ་ཁུལ་གྱི་བྷི་ཇེ་པི་སྲིད་དོན་ཚོགས་པའི་སྐུ་ཞབས་ར་བཱིནྡྲ་རཱ་ཇཱུ་ལགས་དང་། གྷོ་ཧ་ཊི་གྲོང་སྡེའི་སྤྱི་ཁྱབ་མི་རི་གན་ས་ར་ནི་ཡ་ལགས། མངའ་སྡེའི་གྲོས་ཚོགས་འཐུས་མི་ཧི་མང་ག་ཋ་ཀུ་རི་ཡ་ལགས། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ (BTSM) ཡི་ཨ་སམ་ཡན་ལག་གི་ཚོགས་གཙོ་ཀེ་ལཤ་ཤར་མ་ལགས། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ (BTSM) ཡི་རྒྱལ་ཡོངས་སྤྱི་ཁྱབ་དྲུང་ཆེ་པན་ཀཇ་གོ་ཡལ་ལགས། རྒྱ་གར་གྲོས་ཚོགས་འཐུས་མི་ཟུར་པ་ར་ཇན་གོ་ཧན་ལགས། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་སྡེ་ཚན་ནང་མའི་ཚོགས་གཙོ་རིན་ཆེན་མཁའ་འགྲོ་ལགས། ཤི་ལོང་ས་གནས་འགོ་འཛིན་བསྟན་འཛིན་བསམ་གཏན་ལགས་སོགས་ཕེབས་ཞུགས་གནང་ཡོད་པ་རེད། ཐེངས་འདིའི་རྟ་དབང་གནས་སྐོར་ནང་རྒྱ་གར་མངའ་སྡེ་འདྲ་མིན་ནས་མི་གྲངས་ ༢༥༠ ཙམ་མཉམ་ཞུགས་ཐོག་ཨ་སམ་ནས་དབུ་འཛུགས་ཀྱིས་བྷོམ་དི་ལ་དང་། སྡེ་རང་། སེ་ལ། ཇ་བན་ཏར་ག བྷེ་ལ་མུ་བརྒྱུད་དེ་རྟ་དབང་དུ་འབྱོར་ཀྱི་ཡོད། རྟ་དབང་དུ་འབྱོར་མཚམས་གནས་སྐོར་བ་རྣམས་རྟ་དབང་དགོན་པར་གནས་མཇལ་དང་། དེ་རྗེས་འཕགས་བོད་ས་མཚམས་བར་ཕེབས་ཏེ་རྒྱ་གར་གྱི་རྒྱལ་སྲུང་དམག་མིར་གུས་འདུད་དང་སྦྲགས་ས་མཆོད་དབུལ་རྒྱུ་ཡིན་པ་རེད།
ཕྱི་ཟླ་ ༡༡ ཚེས་ ༣༠ ཉིན་གནས་སྐོར་བ་རྣམས་ཏེཛ་པུར་དུ་ཕེབས་འབྱོར་གྱིས་ས་གནས་གྲོས་ཚོགས་འཐུས་མི་པྲིཐྦི་རཱཇ་ར་བ་ལགས་གཙོས་པའི་ས་གནས་ཀྱི་གནད་ཡོད་མི་སྣ་ཁག་ནས་ཕེབས་བསུ་སྣེ་ལེན་དང་འབྲེལ་རྟ་དབང་གནས་སྐོར་མཇུག་སྡོམ་མཛད་སྒོ་འཚོག་རྒྱུ་ཡིན་པ་རེད། ཐེངས་འདིའི་རྟ་དབང་གནས་སྐོར་དང་འབྲེལ་ཏེ་སྐུ་ཞབས་པན་ཀཇ་གོ་ཡལ་ལགས་ནས་རྟ་དབང་གནས་སྐོར་ཐེངས་བཅུ་གཉིས་པ་དེ་བཞིན་བོད་དོན་དང་། གངས་རི་གངས་པོ་ཆེ། ཡིད་ཀྱི་མཚོ་བཅས་རྒྱ་ནག་གི་བཙན་དབང་འོག་ནས་ཐར་ཐབས་སུ་འབད་རྩོལ་བྱ་རྒྱུའི་ཆོད་སེམས་དང་བཅས་མཇུག་བསྡུ་རྒྱུ་ཡིན་སྐོར་གསལ་བཤད་སྦྲགས། ལས་འགུལ་དེ་བརྒྱུད་རྒྱ་ནག་དམར་ཤོག་ཚོགས་པས་བོད་བཙན་བཟུང་བྱས་པ་དང་། རྒྱ་དཀར་ནག་བར་གྱི་ཚུལ་ཁྲིམས་ལྔ་པའི་གྲོས་མཐུན་ལ་སྐྱོན་བརྗོད་བྱ་རྒྱུ། བོད་དང་བོད་མིར་དཀའ་ངལ་འཕྲད་བཞིན་པར་འཛམ་བུ་གླིང་ནས་དོ་སྣང་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་པ་གསུངས་ཡོད་པ་བཅས།།