༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༡༡ ཚེས་ ༡༣ ཉིན་ཕྱི་དྲིལ་བོད་དོན་ཞུ་གཏུག་ཚན་པའི་གོ་སྒྲིག་འོག་བཞུགས་སྒར་རྡ་རམ་ས་ལའི་ཉེ་འདབས་སུ་ཆགས་པའི་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་དུ་རྒྱ་གར་ནང་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་སྤེལ་ཕྱོགས་ཀྱི་ཐབས་བྱུས་ཚོགས་འདུ་དང་ཟབ་སྦྱོང་དབུ་འཛུགས་གནང་སོང་།དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་གཉིས་པའི་ཐོག་སྐུ་མགྲོན་གཙོ་བོ་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཀི་ཤན་ཀ་པུར་མཆོག་དང་། ༸སྐྱབས་རྗེ་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག ཕྱི་དྲིལ་དྲུང་འཕར་བསྟན་འཛིན་ལེགས་བཤད་ལགས། ཕྱི་དྲིལ་བོད་དོན་ཞུ་གཏུག་ཚན་པའི་འགན་འཛིན་འབྲུག་བསྟན་སྐྱིད་ལགས། སིམ་སྤྱི་ཚེ་དབང་ཕུན་ཚོགས་ལགས། རྒྱ་གར་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་ཚོགས་ཆུང་གི་ཚོགས་མི་དང་ཚོགས་བཅར་བ། གསར་འགོད་པ་བཅས་ཚང་འཛོམས་ཐོག་རྒྱ་གར་ནང་དུ་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་སྤེལ་ཕྱོགས་ཀྱི་ཐབས་བྱུས་ཚོགས་འདུ་དང་ཟབ་སྦྱོང་དངོས་སུ་འཛུགས་ཀྱི་ཐོག་མར་ཕྱི་དྲིལ་དྲུང་འཕར་བསྟན་འཛིན་ལེགས་བཤད་ལགས་ཀྱིས་ཕེབས་བསུ་དང་འབྲེལ་ཚོགས་འདུའི་དམིགས་ཡུལ་ངོ་སྤྲོད་གནང་།དེ་ནས་སྐུ་མགྲོན་གཙོ་བོ་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཀི་ཤན་ཀ་པུར་མཆོག་གིས་འདས་པའི་ལོ་ངོ་བཅུ་ཕྲག་བདུན་རིང་བོད་ཀྱི་རང་དབང་འཐབ་རྩོད་ཆེད་བོད་མི་རྣམས་ཀྱིས་བཙན་བྱོལ་ནས་ལས་འགུལ་སྤེལ་མུས་ལྟར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་དབུ་ཁྲིད་པའི་བཀའ་ཤག་སྐབས་བཅུ་དྲུག་པའི་ངོས་ནས་རྒྱལ་སྤྱིའི་སྟེང་བོད་དོན་དྲིལ་བསྒྲགས་དང་། ཞུ་སྐུལ་གནང་སླད་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་སྤེལ་ཐབས་ཀྱི་ལས་གཞི་དབུ་འཛུགས་གནང་བར་བསྔགས་བརྗོད་གནང་བ་དང་ཆབས་ཅིག འདས་པའི་ལོ་རྒྱུས་ནང་གི་རང་དབང་འཐབ་རྩོད་གང་ལ་བལྟས་ནའང་གཞོན་སྐྱེས་ཚོས་དང་དུ་བླངས་ཏེ་ལས་འགུལ་སྤེལ་ན་དེར་རྒྱལ་ཁ་དང་གྲུབ་འབྲས་སོན་ངེས་པ་ཡིན་པ་བཞིན། བོད་ཀྱི་གཞོན་སྐྱེས་རྣམས་ནས་ཀྱང་དེ་ལྟར་ལས་འགུལ་ལ་མཉམ་ཞུགས་ཀྱིས་འཐབ་རྩོད་བྱས་ཚེ་བོད་ལ་རང་དབང་གི་ཉི་མ་ཤར་ངེས་ཡིན་པ་གསུངས་ཡོད། དེ་བཞིན་ཁོང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། རྒྱ་ནག་དམར་ཤོག་གཞུང་གིས་བོད་ཐེ་བའི་རྒྱལ་ཁབ་ཆུང་བ་རིགས་ལ་བཙན་འཛུལ་ཐུབ་ཚོད་གཏོང་བཞིན་པའི་སྐོར། རྒྱ་གར་དང་བོད་གཉིས་ཀྱི་ལོ་རྒྱུས་རང་བཞིན་ལྡན་པའི་འབྲེལ་བ་སོགས་ཀྱི་ཐོག་གསུང་བཤད་གནང་ཡོད་པ་རེད།
དེ་ནས་༸སྐྱབས་རྗེ་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཚོགས་འདུ་དང་འབྲེལ་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་གནད་དོན་གསལ་པོ་བཟོས་གནང་ཡོད་པས་ལམ་སྟོན་དེའི་འོག་ཤར་བསྐྱོད་བྱ་རྒྱུ་ལས་དེ་མིན་པའི་ཐབས་ལམ་གསར་པ་ཞིག་འཚོལ་དགོས་ཐབས་མེད། བོད་ཀྱི་དཀའ་རྙོག་ཅེས་པ་དེ་ངོ་འཕྲོད་པ་བྱ་རྒྱུ་གལ་ཆེན་པོ་རེད། རྒྱལ་སྤྱིའི་ནང་དཀའ་རྙོག་མང་པོ་ཞིག་ཡོད་པ་ཚང་མ་འཐབ་རྩོད་ཀྱི་ངོ་བོ་ལྡན་པ་ཤ་སྟག་རེད། དེས་ན། ང་ཚོ་ཐོག་མར་སྐྱབས་བཅོལ་ལ་སླེབས་པའི་སྐབས་སུ་ནུབ་ཕྱོགས་པ་མང་པོ་ཞིག་གིས་ཞིབ་འཇུག་བྱེད་པའི་སྐབས་བོད་པའི་འཐབ་རྩོད་དེ་གང་རེད་ཅེས་དྲི་གི་ཡོད། མི་རིགས་གཉིས་འཆམ་མཐུན་མ་བྱུང་བའི་འཐབ་རྩོད་རེད་དམ། ཡང་ན་སྲིད་དོན་ལྟ་གྲུབ་མ་མཐུན་པའི་འཐབ་རྩོད་རེད་དམ། ཡང་ན། ས་མཚམས་ཀྱི་འཐབ་རྩོད་ཅིག་རེད་དམ། ཆབ་སྲིད་དབང་ཆའི་འཐབ་རྩོད་ཅིག་རེད་དམ། དེང་སང་གི་འཐབ་རྩོད་མང་ཆེ་བ་ཞིག་དེའི་ཁོངས་སུ་བསྡུ། བོད་པའི་གནད་དོན་ཡང་དེ་ལྟ་བུ་ཞིག་མིན་ནམ་དྲན་གྱི་ཡོད། ང་ཚོ་བོད་མི་རིགས་དང་རྒྱ་མི་རིགས་བར་འགལ་ཟླ་གང་ཡང་མེད། ད་ལྟའི་རྒྱ་མིའི་སྲིད་གཞུང་གི་འཛིན་པའི་ལྟ་གྲུབ་ཡོད་མེད་ཐེ་ཚོམ་རེད་དེ། ཡོད་པའི་དབང་དུ་བཏང་ནའང་ཡང་དག་པའི་དམར་ཤོག་གི་ལྟ་བ་ཞིག་ཡིན་ན། དེ་ནང་པ་དང་ཐག་ཉེ་པོ་རེད། ཆབ་སྲིད་ཀྱི་དབང་ཆ་འཐབ་རྩོད་ཀྱང་བྱེད་ཀྱི་མེད། འོ་ན་ང་ཚོའི་འཐབ་རྩོད་དེ་གང་རེད་ཅེ་ན། ཡང་དག་པ་དང་ཡང་མ་དག་པ། བདེན་པ་དང་རྫུན་མ། དྲང་བདེན་དང་དྲང་བདེན་མ་ཡིན་པ་བར་གྱི་འགལ་ཟླ་ཞིག་རེད། འགལ་ཟླ་དེ་འཐབ་རྩོད་ཀྱི་ངོ་བོ་གང་ཡང་མ་རེད། ༸གོང་ས་མཆོག་གིས་བོད་ཀྱི་གནད་དོན་འདི་ཞི་འགྲིག་ཡོང་ཐབས་སུ་བདེན་པ་དང་འཚེ་བ་མེད་པ་གཉིས་པོ་དེ་གཞི་རྟེན་དུ་གསུངས་པ་རེད། བདེན་པ་ལ་གནས་པ་ཡིན་ན་འཚེ་བ་ཡོང་ཐབས་མེད། འཚེ་བ་མེད་པ་ལ་གནས་པ་ཡིན་ན་བདེན་པ་ལས་གཞན་པའི་འཐབ་རྩོད་གཞན་གང་ཡང་བྱ་རྒྱུ་མེད། བདེན་པ་དང་འཚེ་བ་མེད་པའི་གནས་ཚུལ་ཡག་པོ་ཤེས་པ་ཡིན་ན། དེའི་ཐོག་ནས་ཐབས་བྱུས་གཞན་འཚོལ་དགོས་རྒྱུ་ཧ་ལམ་མེད་པ་ལྟ་བུ་རེད། ཅེས་དང་།དེ་བཞིན་རིན་པོ་ཆེ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགོངས་བཞེད་མཛད་ཅིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་གནང་བའི་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ཤར་སྐྱོད་གནང་ན་བོད་རྒྱ་གཉིས་ཀར་ཕན་ཐོགས་ཡོད་པ་ཞིག་ཡིན་སྐོར་བཀའ་སློབ་ལམ་སྟོན་གནང་ཡོད།
སྤྱིར་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་ཞུས་པའི་རྒྱ་གར་ནང་བོད་དོན་ཞུ་གཏུག་ལས་འགུལ་སྤེལ་ཕྱོགས་ཀྱི་ཐབས་བྱུས་ཚོགས་འདུ་དང་ཟབ་སྦྱོང་དེ་རིང་ནས་དབུ་འཛུགས་ཀྱིས་ཉིན་གྲངས་གསུམ་རིང་འཚོག་གི་ཡོད་པ་དང་། ཚོགས་འདུའི་ནང་རྒྱ་གར་རྒྱལ་ཡོངས་ནས་གཞོན་སྐྱེས་གྲངས་ ༣༣ མཉམ་ཞུགས་གནང་ཡོད། དེ་མཚུངས་ཕྱི་དྲིལ་ལས་ཁུངས་ནས་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་སྤེལ་ཕྱོགས་ཀྱི་ཚོགས་འདུ་དང་ཟབ་སྦྱོང་ཡུ་རོབ་དང་། ཨ་རི། ཨོསྟྲེ་ལི་ཡཱ་ཁུལ་དུ་གོ་སྒྲིག་ཞུས་དང་ཞུ་མུས་ཡིན་པ་བཅས།།