༄༅། །ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་གྲ་ཕྱི་ཕུན་རབ་བློ་བཟང་དར་རྒྱས་མཆོག་ཕྱི་ལོ་ ༢༠༢༣ ཟླ་བ་ ༡༡ ཚེས་ ༢༣ ཉིན་རྒྱབ་ཆུ་ཚོད་ ༣།༡༠ ཐོག་ཊན་ཊ་སྨན་ཁང་ནས་སྐུ་ཚེ་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་འདུག་པར་དཔལ་ལྡན་བཀའ་ཤག་ནས་བློ་ཕམ་དང་སྦྲགས་དམ་པ་ཁོང་གི་ཚེ་རབས་ཕྲེང་བར་བསགས་པའི་སྡིག་སྒྲིབ་བྱང་ཞིང་དག་ནས་མངོན་མཐོ་ངེས་ལེགས་ཀྱི་གོ་འཕང་མགྱོགས་ནས་མྱུར་དུ་འཐོབ་པའི་སྨོན་ལམ་གསོལ་འདེབས་ཞུ་ཕྱིར། ཕྱི་ལོ་ ༢༠༢༣ ཟླ་བ་ ༡༡ ཚེས་ ༢༤ ཉིན་རྒྱབ་ཆུ་ཚོད་ ༢ ཐོག་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པས་དབུས་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། དེ་བཞིན་སྲི་ཞུའི་ལས་བྱེད་བཅས་ཚང་འཛོམས་ཐོག་བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་ཀྱིས་དམ་པ་ཁོང་གི་ལོ་རྒྱུས་སྒྲོགས་སྦྱང་གནང་རྗེས་སྲིད་ཚབ་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་དམ་པ་ཁོང་གིས་ལོ་ངོ་མང་པོའི་རིང་བཙན་བྱོལ་སྤྱི་ཚོགས་ཁྲོད་སྤྱི་སྨན་ཞབས་ཞུའི་མཛད་རྗེས་ཞུས་པར་དྲན་གསོ་དང་། ཁོང་ཉིད་ནས་ཀུན་གྱི་མིག་དཔེར་འོས་ཤིང་དོན་དང་ལྡན་པའི་མི་ཚེ་སྐྱེལ་གནང་ཡོད་སྐོར་གསུང་བཤད་གནང་རྗེས་བསྔོ་སྨོན་གསུང་འདོན་དང་། དམ་པ་ཁོང་ལ་མྱ་ངན་གུས་འདུད་དང་གདུང་སེམས་མཉམ་སྐྱེ་མཚོན་སླད་ཉིན་རྒྱབ་ཆུ་ཚོད་ ༣ ནས་དབུས་ཀྱི་ལས་ཁུངས་ཁག་ལས་མཚམས་བཞག་ཡོད།དམ་པ་ཁོང་ནི། ཕྱི་ལོ་ ༡༩༣༧ ལོར་ལྷ་སར་འཁྲུངས་ཤིང་། ཆུང་དུས་ནས་བོད་ཡིག་སློབ་སྦྱོང་གནང་སྟེ་སློབ་གྲྭ་ཐོན་པ་དང༌། འཕན་ཡུལ་སེར་སྨད་བྲག་རྒྱབ་རིན་པོ་ཆེའི་ཞབས་ཞུ་དང་སྦྲགས་ཆོས་ཕྱོགས་ཀྱི་སློབ་གཉེར་གནང་བའི་སྐབས་སུ་ཕྱི་ལོ་ ༡༩༥༩ ལོར་དུས་འགྱུར་དབང་གིས་རྒྱ་གར་དུ་བཙན་བྱོལ་ལ་ཐོག་མར་ཀ་སྦུག་ཁུལ་དུ་ལོ་བཞི་ཙམ་རིང་བོད་གཞུང་སློབ་གྲྭའི་ནང་ཨིན་ཡིག་སློབ་སྦྱོང་དང་། ཞོར་ལ་བོད་ཡིག་འཛིན་གྲྭ་ཁ་ཤས་ཀྱི་དགེ་རྒན་གནང་།ཕྱི་ལོ་ ༡༩༦༣ ལོར་མའེ་སོར་ལུགས་ཟུང་བསམ་གླིང་དུ་ཕེབས་ཏེ་རང་རིགས་ན་གཞོན་ཁག་ཅིག་ལ་ལས་ཞོར་སློབ་སྦྱོང་སྤྲོད་པའི་གོ་སྒྲིག་རྐང་ལེན་གྱིས་དགེ་རྒན་ཡང་གནང་བ་དང་། མང་ཚོགས་ནས་འོས་འདེམས་ཞུས་པ་ལྟར་གཞིས་མིའི་མཉམ་འབྲེལ་ལྟ་རྟོག་ཚོགས་པའི་ཚོགས་མི་དང༌། དེ་རྗེས་དྲུང་ཆེ། གཞིས་སྒར་དུ་དབུས་གཙང་འཐུས་མི་ལོ་གསུམ་བཅས་གནང་། ཕྱི་ལོ་ ༡༩༦༩ ལོར་བོད་མི་མང་སྤྱི་འཐུས་སྐབས་བཞི་པ་དང་། ཕྱི་ལོ་ ༡༩༧༢ ལོར་སྐབས་ལྔ་པ། ཕྱི་ལོ་ ༡༩༧༦ ལོར་སྐབས་དྲུག་པ་བཅས་ཀྱི་དབུས་གཙང་སྤྱི་འཐུས་སུ་འདེམས་ཐོན་བྱུང་བ་མ་ཟད། སྐབས་དྲུག་པའི་སྤྱི་ལྷན་ཚོགས་གཙོ་གཞོན་པའི་མཛད་འགན་བཞེས་པ་དང་། ཕྱི་ལོ་ ༡༩༧༩ ལོར་འཚམས་འདྲི་གཟིགས་སྐོར་སྐུ་ཚབ་ཚོགས་པའི་ཚོགས་མི་ལྔའི་ཁོངས་སུ་བོད་དུ་ཕེབས། གཞན་ཡང་སྤྱི་འཐུས་སྐབས་ལྔ་པ་དང༌། སྐབས་དྲུག་པ་གཉིས་ཀྱི་དབུས་སྤྱི་ཁྱབ་འདེམས་བསྐོ་ལྷན་ཚོགས་ཀྱི་ཚོགས་མི་དང༌། སྐབས་བདུན་པའི་དབུས་སྤྱི་ཁྱབ་འདེམས་བསྐོ་ལྷན་ཚོགས་ཀྱི་གཙོ་འཛིན་བཅས་ཀྱི་ཐུགས་འགན་བཞེས། ཕྱི་ལོ་ ༡༩༨༠ ལོར་དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ཆེའི་ལས་འགན་བཞེས་པ་དང༌། ཕྱི་ལོ་ ༡༩༨༣ ལོའི་ཟླ་ ༣ པར་དཔལ་འབྱོར་བཀའ་བློན་དུ་བསྐོ་གཞག་བསྩལ།
ཕྱི་ལོ་ ༡༩༨༧ ལོར་འཆར་འགོད་ལྷན་ཚོགས་དབུ་ཚུགས་པ་ནས་བཟུང་བཀའ་ཤག་གི་ལས་བགོས་ལྟར་འཆར་འགོད་ལྷན་ཚོགས་ཀྱི་ཐུགས་འགན་གཅིག་ལྕོགས་སུ་བཞེས་ཤིང༌། ཕྱི་ལོ་ ༡༩༩༠ ལོར་འཆར་འགོད་ལྷན་ཚོགས་ཀྱི་ཚོགས་གཙོར་རང་འཇགས་བསྐོ་གཞག་བསྩལ་བ་ལྟར་ཐུགས་འགན་བཞེས། གཞན་ཡང་ཆེས་མཐོའི་སློབ་ཡོན་ཚོགས་ཆུང་གི་ཚོགས་མི་དང་། དཔལ་འབྱོར་བདེ་དོན་ལྷན་ཚོགས་ཀྱི་ཚོགས་གཙོ། ཡིད་ཆེས་དགེ་རྩའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་དང་། ཚོགས་གཙོ་ལས་ཚབ་བཅས་དང༌། ཕྱི་ལོ་ ༡༩༩༠ ལོར་སྤྱི་འཐུས་སྐབས་བཅུ་གཅིག་པའི་དབུས་སྤྱི་ཁྱབ་འདེམས་བསྐོ་ལྷན་ཚོགས་ཀྱི་གཙོ་འཛིན་དང༌། ལོ་དེའི་ཟླ་ ༩ པར་གོང་ས་སྐྱབས་མགོན་ཏཱ་ལའི་བླ་མའི་འཛམ་གླིང་སྤྱི་ཡོངས་འོས་འགན་ཐེབས་རྩ་ཚོགས་པའི་ཚོགས་མི་བཅས་ཀྱི་ཐུགས་འགན་བཞེས། ཕྱི་ལོ་ ༡༩༩༡ ལོའི་ཟླ་ ༦ ཚེས་ ༢༨ ཉིན་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་ལས་ཚབ་ཏུ་ཐད་བསྐོ་གནང་།ཕྱི་ལོ་ ༡༩༩༢ ཟླ་ ༣ ཚེས་ ༡༠ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གསར་འཛུགས་སྐབས་ཁྲིམས་ཞིབ་པ་ཆེ་བའི་མཛད་ཁུར་དམ་འབུལ་བཞེས་ཏེ། ཕྱི་ལོ་ ༢༠༠༢ ཟླ་ ༩ ཚེས་ ༡༩ ཉིན་དགུང་ནའི་བབ་ཀྱིས་བགྲེས་ཡོལ་དུ་ཕེབས། ཕྱི་ལོ་ ༢༠༢༣ ཟླ་བ་ ༡༡ ཚེས་ ༢༣ ཉིན་རྒྱབ་ཆུ་ཚོད་ ༣།༡༠ ཐོག་ཊན་ཊ་སྨན་ཁང་ནས་སྐུ་ཚེ་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག་པ་བཅས། །