༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༡༡ ཚེས ༢༥ ཉིན་རྒྱ་གར་མངའ་སྡེ་ཨ་སམ་གྱི་རྒྱལ་ས་གུ་ཝཱ་ཧཱ་ཊིར་འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱིས་གུ་བ་ཧ་ཊིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་ལྷན་དུ་ཚོགས་འདུ་བསྐོང་ཚོགས་གནང་ཡོད།
དེ་ཡང་ཚོགས་འདུའི་དམིགས་ཡུལ་ནི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་འབྲེལ་ལམ་གོང་འཕེལ་གཏོང་རྒྱུ་དང་། རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་ཐེངས་བདུན་པའི་ འཆར་གཞི་རྣམས་ལག་བསྟར་གནང་ཕྱོགས་ཇི་དགེའི་སྐོར་གྲོས་བསྡུར་གནང་རྒྱུ་ཡིན།
ཚོགས་འདུའི་ཐོག་བོད་མི་མང་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་ལགས་དང་སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་ལགས་རྣམ་གཉིས་ཁུལ་དེར་གཞུང་འབྲེལ་ཕྱོགས་བསྐྱོད་དང་སྟབས་བསྟུན་ཚོགས་འདུར་ལྷན་ཞུགས་ཀྱིས་བོད་མིའི་སྒྲིག་འཛུགས་སྐོར་ངོ་སྤྲོད་དང་། དབུ་མའི་ལམ་གྱི་སྲིད་བྱུས། བོད་ནང་ཛ་དྲག་གི་གནས་སྟངས་སོགས་ཀྱི་སྐོར་འགྲེལ་བརྗོད་གནང་བ་མ་ཟད། དེ་མཚུངས་རྒྱ་གར་གཞུང་དང་བོད་དོན་རྒྱབ་སྐྱོར་ཚོགས་པས་ད་བར་བོད་དོན་ཐོག་རྒྱབ་སྐྱོར་གཡོ་བ་མེད་པ་གནང་བར་བཀའ་དྲིན་རྗེས་དྲན་ཞུས་པ་དང་ཆབས་ཅིག མ་འོངས་མུ་མཐུད་དེ་ལྟར་རྒྱབ་སྐྱོར་གནང་བའི་རེ་བསྐུལ་ཞུས་ཡོད།
དེ་ནས་འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་ལས་བྱེད་བཀྲ་ཤིས་བདེ་སྐྱིད་ལགས་ནས་སྐུ་མགྲོན་དང་ཚོགས་བཅར་བ་རྣམས་ལ་དགའ་བསུ་དང་འབྲེལ་ཚོགས་འདུའི་དམིགས་ཡུལ་ངོ་སྤྲོད་དང་། འཕགས་བོད་གཉིས་ཀྱི་ལོ་རྒྱུས་རང་བཞིན་ལྡན་པའི་འབྲེལ་ལམ་སྐོར། བོད་དེ་ལོ་རྒྱུས་ཐོག་རང་བཙན་རྒྱལ་ཁབ་ཡིན་པའི་དངོས་ཡོད་གནས་ཚུལ། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས། བོད་དེ་རྒྱ་གར་ལ་ཇི་ལྟར་གལ་ཆེ་ཚུལ་སོགས་ཀྱི་སྐོར་གློག་སྟོན་བརྙན་རིས་དང་སྦྲགས་གཏམ་བཤད་གནང་། དེ་བཞིན་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་སྐབས་བདུན་པའི་ལས་འཆར་དང་གྲོས་ཆོད་རྣམས་སྒྲོགས་སྦྱང་གནང་བ་མ་ཟད། སློབ་གྲྭ་དང་མཐོ་སློབ་ཁག་ཏུ་བོད་དོན་ཞུ་སྐུལ་གྱི་ལས་འགུལ་ཤུགས་ཆེར་སྤེལ་རྒྱུའི་ཐོག་གྲོས་བསྡུར་ལྷུག་པོ་གནང་ཡོད།
སྐབས་འདིའི་བགྲོ་གླེང་ཐོག་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་ཐེངས་བདུན་པའི་ལག་བསྟར་འཆར་གཞི་དང་སྟབས་བསྟུན་གྱིས་འདས་མ་ད་གསུམ་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལས་འཆར་ལ་བསྐྱར་ཞིབ་དང་བགྲོ་གླེང་གནང་ཡོད། བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ནས་ཀྱང་རྒྱ་གར་གཙོས་པའི་འཛམ་གླིང་ཁྱོན་ཡོངས་ལ་བོད་དོན་འཐབ་རྩོད་གོང་མཐོར་གཏང་རྒྱུའི་ཐོག་བསམ་ཚུལ་བརྗེ་ལེན་གནང་ཡོད་པ་རེད།
གུ་ཝཱ་ཧཱ་ཊིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་འཕགས་བོད་འབྲེལ་མཐུད་ལས་ཁུངས་ནས་གོ་སྒྲིག་ཞུས་པའི་ཚོགས་འདུ་འདི་དང་འབྲེལ་བའི་སོ་སོའི་ཉམས་མྱོང་གསུངས་པ་དང་སྦྲགས་བསྔགས་བརྗོད་ཞུས་ཡོད།
ཐེངས་འདིའི་ཚོགས་འདུའི་ཐོག་རྒྱ་གར་བོད་དོན་ཚོགས་པ་ (Bharat Tibbat Sangh, Bharat Tibbat Samanvay Sangh, Bharat Tibbat Sahyog Manch) དང་གཞན་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་བཅས་ཁྱོན་མི་གྲངས་བཅུ་མཉམ་ཞུགས་གནང་ཡོད་པ་བཅས།།