༄༅། །འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་གོ་སྒྲིག་འོག་ཕྱི་ལོ་ ༢༠༢༣ ཟླ་བ་ ༡༡ ཚེས་ ༠༣ ནས་ ༠༥ བར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་གསར་འགོད་སློབ་གཉེར་ཁང་གི་དགེ་སློབ་གྲངས་ ༣༥ བཞུགས་སྒར་རྡ་རམ་ས་ལར་ཤེས་ཡོན་ལྟ་སྐོར་དུ་ཕེབས་ཡོད་པ་རེད།
ཤེས་ཡོན་ལྟ་སྐོར་སྐབས་དགེ་སློབ་རྣམས་བོད་མིའི་སྒྲིག་འཛུགས་སུ་ལྟ་སྐོར་དུ་ཕེབས་ཏེ་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་སྲིད་བྱུས་དང་། སྒྲོམ་གཞི། ལས་དོན་གནང་ཕྱོགས། བཙན་བྱོལ་ནང་དུ་མང་གཙོའི་འཕེལ་རིམ་སོགས་ཀྱི་སྐོར་རྒྱུས་ལོན་ཞུས་པ་མ་ཟད། དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་མཇལ་འཕྲད་ཀྱིས་བོད་དེ་འཛམ་བུ་གླིང་གི་ས་ཁམས་ཆབ་སྲིད་དང་། གོ་ལའི་ཁོར་ཡུག་ལ་གལ་གནད་ཆེན་པོ་ཆགས་ཚུལ་སྐོར་རྒྱུས་ལོན་ཞུས་ཡོད་པ་རེད།
གཞན་ཡང་ལྟ་སྐོར་སྐབས་དགེ་ལས་རྣམས་བོད་ཀྱི་དཔེ་མཛོད་ཁང་དང་། རྡ་སྟེང་བོད་ཁྱིམ། བོད་ཀྱི་འགྲེམས་སྟོན་ཁང་། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་། རྡ་ས་ཁུལ་གྱི་གཞུང་ཁོངས་མིན་པའི་ཚོགས་པ་ཁག་ཏུ་ཆེད་བཅར་གྱིས་བོད་ཀྱི་ཆོས་དང་རིག་གཞུང་། རང་དབང་འཐབ་རྩོད་སོགས་ཀྱི་སྐོར་ལ་རྒྱུས་ལོན་གང་ལེགས་ཞུས་ཡོད།
ཤེས་ཡོན་ལྟ་སྐོར་གྱི་ལས་གཞིའི་མཐའ་མར་འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་འབྲེལ་མཐུད་པ་ཐུབ་བསྟན་རིག་འཛིན་ལགས་དང་ལས་བྱེད་ཆོས་ཉིད་ཚེ་རིང་ལགས་གཉིས་ནས་རྒྱ་གར་གསར་འགོད་སློབ་གཉེར་བ་ཚོས་བོད་དོན་སྐོར་དོ་སྣང་གནང་བར་ཐུགས་རྗེ་ལེགས་འབུལ་ཞུས་པ་དང་། སློབ་གཉེར་བ་རྣམས་ནས་ཀྱང་བོད་དོན་སྐོར་མུ་མཐུད་མང་ཚོགས་ཁྲོད་གོ་རྟོགས་སྤེལ་རྒྱུ་ཡིན་པའི་ཁས་ལེན་གནང་ཡོད་པ་བཅས།།