༄༅། །དཔལ་ལྡན་བཀའ་དྲུང་ཡིག་ཚང་ནས་ཕྱི་ལོ་ ༢༠༢༣ ཟླ་བ་ ༡༡ ཚེས་ ༢ ཉིན་གནས་སྤོས་བཀོད་སྒྲིག་སྩལ་དོན་ལྟར་ཕྱི་ལོ་ ༢༠༢༣ ཟླ་བ་ ༡༡ ཚེས་ ༢༨ དང་ ༢༩ ཉིན་གྲངས་གཉིས་ཀྱི་རིང་ལུགས་བསམ་ས་གནས་འགོ་འཛིན་ཟུར་པ་གུ་རུ་ཉི་མ་ལགས་དང་ལུགས་བསམ་ས་གནས་འགོ་འཛིན་གསར་པ་ཟུང་དྲུང་ཚད་མཉམ་རྡོ་རྗེ་རིག་འཛིན་ལགས་དབར་རྩིས་ལེན་རྩིས་སྤྲོད་གནང་ཡོད།
དེ་ཡང་ཕྱི་ཟླ་ ༡༡ ཚེས་ ༢༨ ཉིན་ལུགས་བསམ་ས་གནས་འགོ་འཛིན་ཟུར་པ་གུ་རུ་ཉི་མ་ལགས་དང་། ས་གནས་འགོ་འཛིན་གསར་པ་རྡོ་རྗེ་རིག་འཛིན་ལགས་གཉིས་དབར་རྩིས་ལེན་རྩིས་སྤྲོད་ཀྱི་སྤྲོད་དཔང་དུ་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་སྐུ་ཚབ་སྦེང་ལོར་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་བསྐོ་གཞག་སྩལ་དོན་ལྟར་ཐུགས་འགན་བཞེས་གནང་གིས་རྩིས་སྤྲོད་ལེན་ལེགས་གྲུབ་རྗེས་ཚེས་ ༢༩ རེས་གཟའ་ལྷག་པ་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ས་གནས་ཀྱི་གནད་ཡོད་མི་སྣ་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ། མཉམ་འབྲེལ་གྱི་སྐུ་ཚབ། ས་གནས་དགོན་སྡེ་ཁག་གི་སྐུ་ཚབ། སྦེལ་ཀོབ་སཾ་བྷོ་ཊ་བོད་མི་སློབ་གྲྭའི་སློབ་སྤྱི་དང་སྦེལ་ཀོབ་བོད་ཁྱིམ་སློབ་གྲྭའི་དབུ་འཛིན། གྲོང་སྡེ་ཁག་གི་སྤྱི་མི། དེ་བཞིན་གཞུང་དང་གཞུང་ཁོངས་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་ལྷན་འཛོམས་ཐོག་ཞབས་ཀྱག་བརྗེ་ལེན་གྱི་མཛད་སྒོ་སྟབས་བདེ་ཞིག་དང་། དེའི་རྗེས་མི་མང་ཚོགས་ཆེན་ཞིག་འདུ་བསྐོང་གནང་ཡོད།
སྦེལ་ཀོབ་ཧིན་བོད་མཛའ་འབྲེལ་ཚོགས་པ་ནས་ཕྱི་ལོ་ ༢༠༢༣ ཟླ་བ་ ༡༡ ཚེས་ ༢༨ ཉིན་བོད་ཀྱི་གསོལ་མགྲོན་ཁང་ (Hotel Tibet) དུ་ལུགས་བསམ་ས་གནས་འགོ་འཛིན་གསར་པ་རྡོ་རྗེ་རིག་འཛིན་ལགས་ལ་ཕེབས་བསུ་དང་ས་གནས་འགོ་འཛིན་ཟུར་པ་གུ་རུ་ཉི་མ་ལགས་ལ་ཕེབས་སྐྱེལ་ཆེད་གོང་ཚིགས་གསོལ་སྟོན་འདེགས་འབུལ་ཞུས་ཡོད། །