༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༡༡ ཚེས་ ༢༣ ཉིན་མཻ་སོར་གྱི་རྫོང་དཔོན་སྐུ་ཞབས་ར་ཇེནྡྲ་ (K.V. Rajendra) ལགས་དང་། ཁྲལ་བབ་ལས་ཁུངས་ཀྱི་འབྲེལ་ཡོད་དཔོན་རིགས་གཉིས་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་གཟིགས་སྐོར་དུ་ཕེབས་ཡོད།
སྐབས་དེར་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་གཙོས་པའི་ལུགས་ཟུང་བསམ་གྲུབ་གླིང་དང། བདེ་སྐྱིད་སླར་གསོ་བོད་མིའི་གཞིས་ཆགས་ཀྱི་གཞིས་འགོ་སོགས་ནས་ཕེབས་བསུ་སྣེ་ལེན་ཞུས་རྗེས་ལུགས་ཟུང་ཚོགས་ཁང་དུ་ཕེབས་བསུའི་མཛད་སྒོ་ཞིག་ཚོགས་ཤིང་། སྐབས་དེར་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་ཕེབས་བསུའི་གསུང་བཤད་དང་སྐུ་མགྲོན་རྣམས་ལ་དྲན་གསོའི་ཕྱག་རྟགས་ཕུལ། དེ་ནས་རྫོང་དཔོན་མཆོག་གིས་གསུང་བཤད་གནང་སྐབས་རྒྱ་གར་གཞུང་གི་ལས་འཆར་ཁག་བོད་མི་རྣམས་ལ་མཁོ་སྤྲོད་གནང་རྒྱུ་མཚོན་པའི་རོགས་སྐྱོར་ཇི་འོས་གནང་རྒྱུའི་ཞལ་བཞེས་བཟང་པོ་གནང་ཡོད་པ་རེད།
མཛད་སྒོ་གྲོལ་མཚམས་རྫོང་དཔོན་མཆོག་ཕྱི་ལོ་ ༢༠༡༩ ལོར་མངའ་སྡེ་གཞུང་གིས་ཕྱིར་བསྡུ་བྱས་པའི་བདེ་སླར་གཞིས་གྲོང་བཅུ་པའི་ཞིང་སར་ཆེད་ཕེབས་ཀྱིས་གཟིགས་ཞིབ་གནང་ཡོད་པ་བཅས།།