༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༡༡ ཚེས་ ༠༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཤོངས་ཀྱི་བཀའ་ཤག་ཚོགས་ཁང་དུ་ཨ་རིའི་རོགས་ཚོགས་ཀྱི་མཐུན་འགྱུར་ཞུས་པའི་བོད་མིའི་སྤྱི་ཚོགས་ནང་རིག་གཞུང་སོར་ཆུད་ནུས་པ་གོང་སྤེལ་ (Strengthening Cultural Resilience of Tibetan Community) ཞེས་པའི་ལས་གཞི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དངོས་སུ་དབུ་འབྱེད་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡:༣༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་དང་ཆོས་རིག་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་དང་། ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས། ཨ་རིའི་རོགས་ཚོགས་ཀྱི་ལས་འཆར་དོ་དམ་པ་རྒན་པ་ལྕམ་པུ་ནམ་ཤི་རིང་ལགས། ཆོས་རིག་དྲུང་འཕར་ཀུན་དགའ་རྒྱལ་མཚན་ལགས། སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས། འབྲེལ་ཡོད་ཝཊ་ཝ་ན་ཚོགས་པའི་ལས་བྱེད་སོགས་ཚང་འཛོམས་ཀྱི་ཐོག་མར་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་མིའི་སྤྱི་ཚོགས་ནང་རིག་གཞུང་སོར་ཆུད་དང་ནུས་པ་གོང་སྤེལ་ཞེས་པའི་ལས་གཞི་དབུ་འབྱེད་གནང་ཡོད་པ་རེད། ལོ་གྲངས་གསུམ་ཅན་གྱི་ལས་གཞི་འདི་ནི་བཙན་བྱོལ་ནང་དུ་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་ཉམས་པ་སོར་ཆུད་དང་མི་ཉམས་རྒྱུན་འཛིན་བྱ་རྒྱུར་དམིགས་པའི་ལས་གཞི་གལ་ཆེ་ཞིག་ཡིན་པ་དང་། ལས་གཞི་འདི་བརྒྱུད་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་ངོ་བོ་བཅས་པ་དུས་བསྟུན་རྒྱུན་འཛིན་བདག་གཅེས་དང་། རྒྱལ་སྤྱིའི་སྟེང་ཁྱབ་འཕེལ་གོང་མཐོར་གཏང་རྒྱུ་ཡིན་པ་ལྟར། ལས་གཞི་འདི་ཁོངས་ཀྱི་ལས་དོན་གལ་ཆེ་ཤོས་ཤིག་ནི་བོད་དཔེ་རྙིང་སོང་ཁག་དུས་བསྟུན་མཁོ་བསྡུས་ཞུས་ཏེ་གྲངས་མཛོད་ཀྱི་རྣམ་པའི་ཐོག་བདག་གཅེས་རྒྱུན་འཛིན་དང་ཁྱབ་འཕེལ་གནང་རྒྱུ་ཡིན་འདུག་ཅིང་། གྲངས་མཛོད་དཔེ་མཛོད་ཀྱི་ལས་དོན་འདི་བཞིན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་། ཝཊ་ཝ་ན་ཚོགས་པ། སྨོན་ལམ་རིག་ནུས་ཚོགས་པ་མཉམ་སྦྲེལ་གྱིས་ལག་བསྟར་གནང་རྒྱུ་ཡིན་པ་རེད། ལས་གཞི་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལས་གཞི་འདི་ཉིད་རྒྱ་ཆེ་ཞིང་གལ་གནད་ཆེན་པོ་ཡིན་པ་དང་། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་ཀྱི་དགོངས་བཞེད་དང་འབྲེལ་བ་ཆགས་ཡོད་སྐོར་ངོ་སྤྲོད་གནང་བ་མ་ཟད། རིན་ཐང་བྲལ་བའི་བོད་དཔེ་རྙིང་པ་ཁག་དུས་རབས་དང་བསྟུན་ནས་གྲངས་མཛོད་ཀྱི་རྣམ་པར་བདག་ཉར་བྱ་རྒྱུ་ནི་དུས་ཀྱི་དགོས་མཁོ་ཡིན་ཞེས་གསུངས། དེ་བཞིན་ཁོང་གིས་ཕྱི་ལོ་ ༢༠༢༣ ཟླ་བ་ ༡༡ ཚེས་ ༠༣ ཉིན་བུད་མེད་ནུས་སྟོབས་གོང་འཕེལ་ཐོག་གི་བགྲོ་གླེང་དང་། བོད་མིའི་སྤྱི་ཚོགས་ནང་རིག་གཞུང་སོར་ཆུད་དང་ནུས་པ་གོང་སྤེལ་གྱི་ལས་གཞི། ཕྱི་དྲོ་སྨོན་ལམ་རིག་ནུས་དབུ་འབྱེད་གནང་གི་ཡོད་སྟབས་ཉིན་མོ་འདི་བཞིན་ལོ་རྒྱུས་རང་བཞིན་ལྡན་པ་ཞིག་ཏུ་གྱུར་ཡོད་སྐོར་འགྲེལ་བརྗོད་གནང་བ་དང་ཆབས་ཅིག་དུས་ཚིགས་དེ་དང་སྟབས་བསྟུན་ནས་བོད་ཡིག་གི་མ་དཔེ་རྙིང་པ་ཕྱོགས་བསྒྲིགས་ཀྱིས་བོད་ཀྱི་རིག་གཞུང་ལ་སྨན་པའི་ལས་དོན་རྩོམ་མཁན་འདས་པོ་ཇིན་ཨི་སི་མིཊ་ལགས་ལའང་རྗེས་དྲན་ཞུས་ཡོད། དེ་ནས་ཨ་རིའི་རོགས་ཚོགས་ཀྱི་ལས་འཆར་དོ་དམ་པ་ལྕམ་པུ་ནམ་ལགས་ཀྱིས་འདས་པའི་ལོ་ངོ་བཅུ་ཕྲུག་བདུན་ལྷག་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་ལམ་སྟོན་འོག་བོད་མི་རྣམས་ནས་བཙན་བྱོལ་ནང་དུ་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་གང་ལེགས་གནང་ཡོད་པར་བསྔགས་བརྗོད་ངོས་འཛིན་དང་། སླད་མར་མུ་མཐུད་གསོན་གནས་རྒྱུན་འཛིན་གནང་རྒྱུའི་ཆེད་ལས་གཞི་སྤེལ་རྒྱུ་གལ་གནད་ཆེན་པོ་ཡིན་པ་བཞིན་ཐེངས་འདིའི་ལས་གཞིའི་ཁོངས་སུ་གྲངས་མཛོད་དཔེ་མཛོད་ཀྱི་ལས་འཆར་དེ་གལ་གནད་ཆེན་པོ་ཆགས་ཡོད་པ་ངོ་སྤྲོད་གནང་ཡོད་པ་བཅས།།