༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་ལགས་དང་། སྤྱི་འཐུས་དབང་འདུས་རྡོ་རྗེ་ལགས། སྤྱི་འཐུས་པདྨ་མཚོ་ལགས་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བོད་དོན་ཞུ་སྐུལ་ཚོགས་ཆུང་ནས་རྒྱ་གར་ཨུ་ཏར་པར་དེ་ཤི་མངའ་སྡེའི་སྲིད་སྐྱོང་མཆོག་དང་། གྲོས་ཚོགས་ཀྱི་ཚོགས་གཙོ་སོགས་མཇལ་འཕྲད་ཀྱིས་མུ་མཐུད་བོད་དོན་ཞུ་སྐུལ་གནང་བཞིན་ཡོད་པ་རེད།
དེ་ཡང་བོད་མི་མང་སྤྱི་འཐུས་རྣམ་པས་ཕྱི་ཚེས་ ༢༨ ཉིན་སྔ་དྲོ་ཆུ་ཚོད་ ༡༠ ཙམ་གྱི་ཐོག་རྒྱལ་ས་ལག་ནོ་རུ་ཡོད་པའི་བྷི་ཇེ་པི་སྲིད་དོན་ཚོགས་པའི་པར་སྐྲུན་ཁང་ (Kamal Jyoti) དུ་ཕེབས་ཏེ་བོད་དོན་སྐོར་ངོ་སྤྲོད་གནང་རྗེས། པར་སྐྲུན་ཁང་དེ་ནས་མ་འོངས་པར་བོད་དོན་སྐོར་གྱི་དུས་དེབ་ཅིག་འདོན་འཆར་ཡོད་སྐོར་སོགས་གསུངས་འདུག ཉིན་འདིའི་བོད་དོན་ཞུ་སྐུལ་སྐབས་བོད་དོན་རྐང་འཁོར་སྐོར་བསྐྱོད་པ་རྒྱ་གར་བ་སྐུ་ཞབས་སན་དེ་ཤི་ མེ་ཤི་རམ་ (Sandesh Meshram) འམ་བོད་མིང་དུ་བསམ་གཏན་ཡེ་ཤེས་ལགས་ལྷན་བཅར་ཞུས་ཡོད་པ་ལྟར། པར་སྐྲུན་ཁང་དེའི་གསར་འགོད་པའི་བཅར་འདྲིར་དང་ལེན་ཞུས་འདུག
ཉིན་རྒྱབ་ཆུ་ཚོད་ ༤ པ་ཙམ་གྱི་ཐོག་བོད་མི་མང་སྤྱི་འཐུས་རྣམ་པས་ཨུ་ཏར་པར་དེ་ཤི་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ས་ཊི་ཤི་ མཱ་ཧཱ་ན་ (Shri. Satish Mahana, Speaker of the Uttar Pradesh Legislative Assembly) མཆོག་དང་ལྷན་མཇལ་འཕྲད་གནང་སྟེ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་རྟེན་ཕྱག་རྟགས་སོགས་ཕུལ་རྗེས། བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་དང་། རྒྱ་དམར་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་དང་བཅས་པ་རྩ་མེད་དུ་གཏོང་ཐབས་བྱེད་བཞིན་ཡོད་སྟབས། རྒྱ་གར་དབུས་དང་། མངའ་སྡེ་གཞུང་ནས་བོད་དོན་ཐོག་སྔར་ལྷག་རྒྱབ་སྐྱོར་གནང་རྒྱུའི་རེ་སྐུལ་ཞུས་པར། གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གདུང་སེམས་མཉམ་བསྐྱེད་དང་སྦྲགས། རྒྱ་གར་དབུས་གཞུང་ནས་མཐུན་འགྱུར་ཇི་གནང་ཐོག་ཐེ་བྱུས་བྱེད་ཐབས་མེད་ཀྱང་། མངའ་སྡེའི་གྲོས་ཚོགས་ནས་བོད་དོན་ཐོག་རྒྱབ་སྐྱོར་དང་། རྒྱུན་དུ་ཐུགས་ཁུར་གནང་གི་ཡོད་པ་ལྟར་འབྱུང་འགྱུར་མུ་མཐུད་ནས་དེ་ལྟར་གནང་རྒྱུ་ཡིན་པ་སོགས་གསུངས་གནང་འདུག་པ་དང་། དེ་བཞིན་ཡུ་པི་མངའ་སྡེའི་གྲོས་ཚོགས་ཀྱི་ཁ་གཏད་ཚོགས་པའི་དབུ་ཁྲིད་སྐུ་ཞབས་ཨག་ལེ་ཤི་ ཡཱ་དྷབ་ (Shri Akhilesh Yadav Leader of the Opposition of Uttar Pradesh Legislative Assembly) མཆོག་དང་ལྷན་མཇལ་འཕྲད་གནང་ཡོད་འདུག
ཕྱི་དྲོ་ཆུ་ཚོད་ ༦ ཙམ་གྱི་ཐོག་ཨུ་ཏར་པར་དེ་ཤི་མངའ་སྡེའི་སྲིད་སྐྱོང་ལྕམ་སྐུ་ཨ་ནན་དི་བྷེན་ པ་ཊེལ་ (Smt. Anandiben Patel, Hon. Governor of Uttar Pradesh) མཆོག་དང་ལྷན་མཇལ་འཕྲད་གནང་སྟེ། རྒྱ་ནག་དམར་གཞུང་གིས་བོད་ནང་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག ཁོར་ཡུག་བཅས་རྩ་མེད་གཏོང་བཞིན་ཡོད་པའི་སྐོར་ངོ་སྤྲོད་སོགས་ཞུས་ཏེ། མངའ་སྡེའི་གཞུང་ནས་མུ་མཐུད་བོད་དོན་འཐབ་རྩོད་ཐོག་རྒྱབ་སྐྱོར་དང་། དེ་བཞིན་ས་གནས་བོད་མི་སུད་ཚོང་བ་རྣམས་ལ་མཐུན་འགྱུར་གང་ཐུབ་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་པ་དང་། སྐབས་དེར་ལྕམ་སྐུ་མཆོག་ནས་ཁོང་ཉིད་བོད་དོན་ཐོག་དེ་སྔ་ནས་ཐུགས་འཚབ་གནང་གི་ཡོད་སྐོར་དང་། མུ་མཐུད་བོད་དོན་ཐོག་རྒྱབ་སྐྱོར་མཐའ་གཅིག་ཏུ་ཡོད་སྐོར་སོགས་གསུངས་འདུག
དགོང་མོ་ཆུ་ཚོད་ ༧ ཙམ་གྱི་ཐོག་ཨུ་ཏར་པར་དེ་ཤི་མངའ་སྡེའི་སོ་ནམ་ཞིང་ལས་བློན་ཆེན་སྐུ་ཞབས་སུར་ཡ་ པར་ཊིབ་ ཤ་ཧི་ (Shri. Surya Pratap Shahi, Minister for Agriculture, Agriculture Education and Agriculture Research, Uttar Pradesh Government) མཆོག་དང་ལྷན་མཇལ་འཕྲད་གནང་ཡོད་པ་དང་། སྐབས་དེར་ས་གནས་ཀྱི་གནད་ཡོད་མི་སྣ་བཅུ་གྲངས་ཤིག་ཀྱང་ལྷན་དུ་འཛོམས་ཡོད་ཅིང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བོད་དོན་ཞུ་སྐུལ་ཚོགས་ཆུང་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་རྟེན་ཕྱག་རྟགས་དང་། བོད་དོན་ཞུ་སྐུལ་གྱི་སྙན་ཞུ་སོགས་ཕུལ་ཏེ། བོད་དེ་ལོ་རྒྱུས་ཐོག་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་དང་། ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་དམར་གཞུང་གིས་བོད་ས་ཧྲིལ་པོ་བཙན་བཟུང་བྱས་པ་ནས་བཟུང་། བོད་ཙམ་མ་ཟད། ཉེ་འཁོར་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་། འཛམ་གླིང་སྤྱི་ཡོངས་ལ་དཀའ་རྙོག་ཆེན་པོ་བཟོས་དང་བཟོ་བཞིན་ཡོད་སྐོར། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བླ་ན་མེད་པའི་དབུ་འཁྲིད་འོག་བོད་མི་རྣམས་ཀྱིས་བདེན་པ་དང་འཚེ་བ་མེད་པའི་ཐབས་ལམ་ལ་བརྟེན་ནས་བོད་དོན་བདེན་མཐའ་སེལ་ཐབས་བྱེད་བཞིན་ཡོད་སྐོར། རྒྱ་གར་དབུས་སའི་གཞུང་དང་། མི་མང་བཅས་ནས་འདས་པའི་ལོ་ངོ་ ༦༠ ལྷག་གི་རིང་བོད་དོན་དང་། བོད་མིར་རྒྱབ་སྐྱོར་དང་ཐུགས་འཁུར་རྒྱ་ཆེ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། མུ་མཐུད་བོད་དོན་བདེན་མཐའ་མ་བསལ་བར་དུ་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་ཡོད་པ་ལྟར། བློན་ཆེན་མཆོག་ནས་བོད་ནང་གི་ཛ་དྲག་གནས་སྟངས་བཀོད་པའི་སྤྱི་ལྷན་གྱི་བོད་དོན་ཞུ་སྐུལ་གྱི་སྙན་ཞུ་དང་། དེ་བཞིན་བོད་དེ་རྒྱ་གར་ལ་གནད་འགག་ཆེན་པོ་ཇི་ལྟར་ཆགས་ཀྱི་ཡོད་མེད་སྐོར་གྱི་འགྲེམས་ཤོག་བཅས་ལ་གཟབ་ནན་གྱིས་གཟིགས་ཏེ། བོད་ནང་གི་གནས་སྟངས་ཐོག་ཐུགས་འཚབ་ཆེན་པོ་ཡོད་སྐོར་གསུངས་འདུག་པ་མ་ཟད། སྔར་བཞིན་བོད་དོན་ཐོག་རྒྱབ་སྐྱོར་གནང་རྒྱུ་ཡིན་སྐོར་གསུངས་ཡོད་པ་བཅས། །