༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱ་གར་མངའ་སྡེ་ཁག་ནང་མངའ་སྡེ་སོ་སོའི་སྲིད་སྐྱོང་དང་། གྲོས་ཚོགས་ཀྱི་ཚོགས་གཙོ། སྤྱི་ཁྱབ་བློན་ཆེན། དབུས་དང་མངའ་སྡེའི་བློན་ཆེན་ཁག གྲོས་ཚོགས་འཐུས་མི་རྣམ་པ། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག རྒྱ་གར་མང་ཚོགས་བཅས་ལ་བོད་ཀྱི་དངོས་ཡོད་གནས་སྟངས་ངོ་སྤྲོད་དང་། བོད་དོན་ཞུ་སྐུལ་གནང་རྒྱུའི་ལས་རིམ་ཡོད་པ་ལྟར། སྤྱི་འཐུས་ཀུན་དགའ་བསོད་སྟོབས་ལགས་དང་། སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་ལགས་རྣམ་གཉིས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཕྱི་ལོ་ ༢༠༢༣ ཟླ་ ༡༡ པའི་ཚེས་ ༢༦ ཟླ་ ༡༢ པའི་ཚེས་ ༩ བར་རྒྱ་གར་ཤར་ཕྱོགས་མངའ་སྡེ་བྷི་ཧར་ (Bihar) དང་། འཇར་ཁན་ཌི་ (Jharkhand) གཉིས་ཀྱི་ནང་བོད་དོན་ཞུ་སྐུལ་གནང་རྒྱུའི་ཆེད་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་ཁེལ་ཡོད།
དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ཕྱི་ཚེས་ ༢༦ ཉིན་གྱི་དགོང་དྲོ་བྷི་ཧར་རྒྱལ་ས་པཊ་ནར་ཕེབས་འབྱོར་གནང་རྒྱུ་དང་། ཕྱི་ཚེས་ ༢༧ ནས་ ༣༠ བར་ས་གནས་སུ་ལས་རིམ། ཕྱི་ཟླ་ ༡༢ པའི་ཚེས་ ༡ ནས་ཚེས་ ༥ བར་འཇར་ཁན་ཌི་རྒྱལ་ས་རན་ཆི་ནང་ལས་རིམ། ཕྱི་ཚེས་ ༦ ནས་ ༧ བར་གྷ་ཡ་ཁུལ་ལ་ལས་རིམ། ཕྱི་ཚེས་ ༩ ཉིན་སྤྱི་འཐུས་རྣམ་པ་སོ་སོའི་བཞུགས་གནས་སུ་ཕེབས་འབྱོར་གནང་རྒྱུ་ཡིན་པ་བཅས། །