༄༅། །བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བོད་ཀྱི་བརྙན་འཕྲིན་ཚན་པའི་ཕྱི་ལོ་ ༢༠༢༤་་་༢༥ ལོའི་གསོན་གནས་རིག་གཞུང་ལས་འཆར་གྱི་གློག་བརྙན་མ་དངུལ་གསལ་བསྒྲགས།
ལས་གཞིའི་དམིགས་ཡུལ། རྒྱལ་ཁབ་དང་མི་རིགས་ཚང་མར་སོ་སོའི་ལོ་རྒྱུས་དང་། རིག་གཞུང་དང་འབྲེལ་བའི་དུས་ཆེན་མཛད་སྒོ་སོགས་དམངས་ཁྲོད་ཀྱི་བྱེད་སྒོ་མང་དག་ཅིག་ཡོད་པ་ལྟར། རང་རེ་བོད་གངས་ཅན་ལྗོངས་སུའང་དེ་འདྲའི་ཆོས་ཕྱོགས་དང་སྲིད་ཕྱོགས། སྔར་སྲོལ་གཞུང་འབྲེལ་དུས་ཆེན་དང་དུས་དྲན། དེ་བཞིན་གཞུང་ཁོངས་མ་ཡིན་ཡང་མང་ཚོགས་ནང་ཁྱབ་རྒྱ་ཆེ་བའི་དམངས་ཁྲོད་ཀྱི་སྔར་སྲོལ་བྱེད་སྒོ་ཤིན་ཏུ་མང་པོ་ཡོད་པ་དེ་དག་དུས་ད་ལྟའི་བར་སྔར་ལམ་ལྟར་སྲུང་བརྩི་དང་དྲན་གསོ་ཞུ་མུས་དེ་ལྟར་ཡང་། བོད་ཕྱི་ནང་གཉིས་ཀའི་ནང་སྔར་སྲོལ་བཟང་པོ་འདི་རིགས་ཀྱི་དོན་སྙིང་ཤེས་པའི་རང་རེའི་མི་རབས་རྒན་པ་རྣམས་རིམ་གཤེགས་ཀྱིས་ལོ་རེར་ཇེ་ཉུང་དུ་འགྲོ་བཞིན་ཡོད། གནད་དེར་དམིགས་ཏེ། བོད་ཀྱི་བརྙན་འཕྲིན་ནས་བཙན་བྱོལ་ནང་གི་མི་རབས་རྒན་པ་ཚོའི་ཞལ་རྒྱུན་དུ་གནས་པའི་སྔར་སྲོལ་བྱེད་སྒོ་ཁག་གི་ལོ་རྒྱུས་རྣམས་བརྙན་འཕྲིན་པར་ལེན་བརྒྱུད་གློག་བརྙན་ལམ་ནས་མ་འོངས་པའི་གཞོན་སྐྱེས་མི་རབས་ཚོས་ཤེས་རྟོགས་ཡོང་བ་བྱ་རྒྱུ་དང་། སྲུང་བརྩི་ཞུ་སྐབས་སྤྲོ་གསེང་བྱ་རྒྱུའི་སྣང་བ་ཙམ་དུ་མ་ཟད་པར། དེ་དག་དང་འབྲེལ་བའི་ལོ་རྒྱུས་དང་གྲ་སྒྲིག་ལ་སོགས་པའི་གནད་དོན་གང་ཡོད་རྣམས་ལེགས་པར་ཤེས་པར་བྱས་པའི་སྒོ་ནས་དྲན་གསོ་བྱ་རྒྱུ་བཅས་ཀྱི་ཆེད་དུ་འདིི་ལོའིི་བརྗོད་གཞི་འདི་ཡིན།
གློག་བརྙན་བརྗོད་གཞི། གསོན་གནས་རིག་གཞུང་།
མ་དངུལ། ཧིན་སྒོར་ ༢,༥༠,༠༠༠།༠༠
དམིགས་བསལ་ཐུགས་སྣང་དགོས་པ།
ལས་གཞི་འདིའི་ནང་དེ་སྔ་མཉམ་ཞུགས་མ་གནང་མཁན་དང་བུད་མེད་གློག་བརྙན་བཟོ་མཁན་ཚོར་དམིགས་བསལ་དགོངས་བཞེས་གནང་རྒྱུ་ཡིན།
ཞུ་སྙན་འབུལ་ཕྱོགས་དང་། འདེམས་སྒྲུག་བརྒྱུད་རིམ།
༡། ཐོ་འགོད། མ་དངུལ་ཞུ་འདོད་ཡོད་རིགས་ནས་ཕྱི་ལོ་ ༢༠༢༣ ཟླ་ ༡༢ ཚེས་ ༢༥ གོང་འཚང་སྙན་དེབ་འགོད་དང་གློག་བརྙན་གྱི་ནང་དོན་རྩོམ་ཡིག་ཚིག་འབྲུ་ ༡༠༠-༡༢༠ ཅན་ཞིག་འདི་གར་འབུལ་ཟིན་པ་དགོས། ༼ལས་ཁུངས་ཀྱི་ཁ་བྱང་དང་གློག་འཕྲིན་ཁ་བྱང་གཤམ་ལ་གཟིགས།༽
༢། དགོས་ངེས་ཆ་རྐྱེན་དང་ཡིག་ཆ།
ཀ༽ དང་བླངས་དཔྱ་དངུལ་དུས་འབུལ་ཟིན་པའི་ལག་དེབ་ཀྱི་ངོ་བཤུས།
ཁ༽རང་ཉིད་ཀྱི་གློག་བརྙན་བཟོ་བསྐྲུན་གྱི་ཕྱག་ལས་ཐོག་རྒྱུས་མངའ་ཡོད་པ་ཞིག་ནས་རྒྱབ་གཉེར་གཅིག
ག༽ གློག་བརྙན་བཟོ་ལས་པ་རྒྱ་གར་དང་བལ་ཡུལ་ནང་གནས་བསྡོད་བྱེད་མཁན་ཞིག་དགོས་པ་ཡིན།
༣། སྔོན་འགྲོའི་འདེམས་སྒྲུག
ཀ༽ གློག་བརྙན་འདེམས་སྒྲུག་ཆེད་དོན་མི་སྣས་སྙན་ཞུ་རེ་རེར་ཞིབ་འཇུག་གནང་རྒྱུ།
ཁ༽ ངོ་གཏུགས་སམ་དྲ་རྒྱའི་བརྒྱུད་འདྲི་གླེང་བྱ་རྒྱུ།
༤། འདེམས་སྒྲུག་གསལ་བསྒྲགས།
མཐའ་མའི་འདེམས་སྒྲུག་ཕྱི་ལོ་ ༢༠༢༤ ཟླ་ ༠༡ ཚེས་ ༡༠ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་བརྒྱུད་ལམ་ཁག་གི་ནང་གསལ་བསྒྲགས་བྱ་རྒྱུ་ཡིན།
༥། མ་དངུལ་འབུལ་ཕྱོགས།
འདེམས་སྒྲུག་བྱུང་བ་རྣམས་ལ་མ་དངུལ་ཧིན་སྒོར་ ༢,༥༠,༠༠༠།༠༠ རེ་འབུལ་རྒྱུ། (དངུལ་འབོར་འདིའི་ནང་རྒྱ་གར་གཞུང་གི་ཁྲལ་བརྒྱ་ཆ་ཚུད་ཡོད།)
༦། གློག་བརྙན་འབུལ་ཕྱོགས།
གློག་བརྙན་ཁག་ཕྱི་ལོ་ ༢༠༢༤ ཟླ་ ༠༨ ཚེས་ ༣༡ འགྱངས་མེད་འདི་གར་རྩིས་འབུལ་ཟིན་པ་དགོས།
གློག་བརྙན་ཁག་བོད་ཀྱི་བརྙན་འཕྲིན་གྱི་བརྒྱུད་ལམ་ཐོག་རིམ་པས་འདོན་སྤེལ་ཞུ་རྒྱུ་དང་། གློག་བརྙན་དང་འབྲེལ་བའི་བདག་དབང་ཆ་ཚང་བོད་ཀྱི་བརྙན་འཕྲིན་ལ་ཡོད་པ་བཅས།
སྙན་ཞུ་འབུལ་ཡུལ།
The Secretary,
Department of Information & International Relations,
Central Tibetan Administration,
P.O Dharamshala – 176215,
District Kangra, H.P, India
Email: [email protected], [email protected]
Tel: +91-1892-222457, 222510
ཐུགས་སྣང་། འདི་ནས་ཐེངས་འདིའི་གློག་བརྙན་མ་དངུལ་གྱི་བརྗོད་གཞི་དང་འཚང་སྙན་འབུལ་ཕྱོགས། འདེམས་སྒྲུག་སོགས་དང་འབྲེལ་བའི་དོགས་འདྲི་ཁག་སེལ་ཆེད་དུ་དྲ་ལམ་ཚོགས་འདུ་ (Zoom meeting) ཞིག་ཕྱི་ལོ་ ༢༠༢༣ ཟླ་ ༡༢ ཚེས་ ༡༢ ཉིན་རྒྱབ་ཆུ་ཚོད་ ༣།༣༠ ཐོག་འཚོགས་རྒྱུ་ཡིན་པས་དོ་དབྱིངས་ཡོད་རིགས་ནས་གཤམ་གསལ་དྲ་ཐག་ཐོག་མཉམ་བཞུགས་ཡོང་བ་ཞུ། https://us02web.zoom.us/j/89952984532?pwd=Q2JjbGs3Qkl3ZFV5cUU5Y2JkMXVMdz09