༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༡༡ ཚེས་ ༩ ཉིན་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་ཨལོ་ཀིཊ་ཚོགས་པ་གཉིས་མཉམ་འབྲེལ་གྱིས་ལྡི་ལི་བོད་ཕྲུག་ཁྱིམ་སྡེའི་སྡོད་ཁང་དུ་དྷ་ས་བོད་ཁྱིམ་གྱི་ཁྱབ་ཁོངས་སློབ་སྤྱི་དང་དགེ་ཆེ་རྣམས་ལ་ཉིན་གཅིག་གི་འགོ་ཁྲིད་ཟབ་སྦྱོང་གོ་སྒྲིག་ཞུས་ཡོད།
ཟབ་སྦྱོང་གི་དབུ་འབྱེད་དུ་དྷ་ས་བོད་ཁྱིམ་གྱི་སྤྱི་ཁྱབ་ཤེས་ཡོན་འགན་འཛིན་བསྟན་འཛིན་མཚན་ལེགས་ལགས་ཀྱིས་དགའ་བསུའི་འཚམས་འདྲི་ཞུས་པ་དང་། དེ་རྗེས་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ཟབ་སྦྱོང་གི་རྒྱབ་ལྗོངས་དང་དམིགས་ཡུལ་ཁག་ངོ་སྤྲོད་གནང་།ཟབ་སྦྱོང་འདི་ནི་དེ་སྔོན་ཕྱི་ལོ་ ༢༠༢༡ ལོར་སློབ་གྲྭའི་འགོ་ཁྲིད་ཀྱི་ཟབ་སྦྱོང་གོ་སྒྲིག་ཞུས་པའི་མཇུག་གནོན་གྱི་ལས་རིམ་ཞིག་ཡིན། ཟབ་སྦྱོང་གི་དམིགས་ཡུལ་ནི། སྔ་མའི་ཟབ་སྦྱོང་གི་ནང་དོན་རྣམས་ལ་བསྐྱར་ཞིབ་བྱ་རྒྱུ་དང་། ལྷག་པར་དུ་སློབ་གྲྭ་ཡར་རྒྱས་ཀྱི་འཆར་གཞི་བཟོ་འགོད་དང་ལག་བསྟར་གནང་ཕྱོགས། སློབ་གྲྭའི་འགོ་ཁྲིད་ཚོར་འདས་པའི་ལོ་ཤས་ནང་སློབ་གྲྭ་ཡར་རྒྱས་ཀྱི་འཆར་གཞི་བཟོ་འགོད་དང་ལག་བསྟར་བྱེད་པའི་བརྒྱུད་རིམ་ནང་འཕྲད་པའི་དཀའ་ངལ་རྣམས་ཤེས་རྟོགས་དང་སེལ་ཐབས་བྱ་རྒྱུ་བཅས་ཡིན།
དྷ་ས་བོད་ཁྱིམ་གྱི་ཁྱབ་ཁོངས་སློབ་གྲྭ་ ༡༤ ནས་སློབ་སྤྱི་དང་དགེ་ཆེ། དྷ་ས་བོད་ཁྱིམ་གྱི་སྤྱི་ཁྱབ་ཤེས་ཡོན་འགན་འཛིན་བསྟན་འཛིན་མཚན་ལེགས་ལགས་བཅས་ཁྱོན་བསྡོམས་མི་གྲངས་ ༢༧ རྣམས་ནས་ཟབ་སྦྱོང་དུ་མཉམ་ཞུགས་གནང་། ཟབ་སྦྱོང་གི་ཁྱད་སྟོན་པ་ཨལོ་ཀིཊ་ཚོགས་པའི་འགན་འཛིན་བོཡེ་ཌཱུརྱ་སེན་དང་། ཨིསི་མིཊ་ཀཱོར། ཤྲེཡ་ཋག་ཀར་བཅས་ནས་བརྙན་ཐུང་དང་། གྲོས་བསྡུར། བསམ་གཞིག ཉམས་མྱོང་སྤེལ་རེས། དྲི་བ་དྲིས་ལན་སོགས་ཐབས་ལམ་སྣ་ཚོགས་ཀྱི་སྒོ་ནས་གལ་ཆེའི་བརྗོད་གཞི་ཁག་སྟེ། སློབ་གྲྭ་བཅོས་བསྒྱུར་གྱི་ཐབས་བྱུས་དང་། སློབ་གྲྭ་ཡར་རྒྱས་ཀྱི་འཆར་གཞི་བཟོ་འགོད་སོགས་ཟབ་ཁྲིད་གནང་།ཚོགས་ཐེངས་མཐའ་མར། ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་དང་། དྲུང་ལས་ཚེ་རིང་དབྱངས་སྐྱིད་ལགས་གཉིས་ནས་ཤེས་རིག་ལས་ཁུངས་ཀྱི་རྩིས་ལོ་རྗེས་མའི་ལས་འཆར་དང་ལས་གཞི་གལ་ཆེ་ཁག་ངོ་སྤྲོད་གནང་། དེ་བཞིན་ལས་གཞི་འཆར་འགོད་གནང་ཕྱོགས་དང་། རྩིས་ཁྲ་བདག་ཉར། དུས་བཀག་ལ་བརྩི་སྲུང་གནང་དགོས་པ་སོགས་སྐོར་གྲོས་བསྡུར་ཞིབ་རྒྱས་བྱས་ཐོག་ལས་གཞི་ལག་བསྟར་དང་འབྲེལ་བའི་དཀའ་ངལ་དང་གནད་དོན་རྣམས་ལ་ལམ་སྟོན་ཞུ་སྒོ་ཁག་ཞུས།
ཉིན་གཅིག་གི་ཟབ་སྦྱོང་དེ་བཞིན་ཨལོ་ཀིཊ་ཚོགས་པས་རིན་མེད་ཐོག་ཟབ་ཁྲིད་གནང་བ་དང་། ཟབ་སྦྱོང་གི་འགྲོ་གྲོན་གཞན་རྣམས་ཁེ་ན་ཌའི་རོགས་ཚོགས་ཀྱིས་གནང་བ་བཅས་ལ་ཐུགས་རྗེ་ཆེ་ཞུས། །