༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཁེ་ན་ཌ་དང་། ཨ་རི་ཁུལ་གྱི་གཞུང་འབྲེལ་ཕྱོགས་ཕེབས་ལེགས་གྲུབ་ཟིན་རྗེས་རྒྱ་གར་ཕྱིར་ཕེབས་གནང་སྐབས་ཡུ་རོབ་ཁུལ་སེ་པེན་གྲོང་ཁྱེར་སྦར་སེ་ལོ་ནར་ཕྱི་ལོ་ ༢༠༢༣ ཟླ་བ་ ༡༡ ཚེས་ ༢༧ སྔ་དྲོ་ཕེབས་འབྱོར་གནང་ཞིང་། གནམ་ཐང་དུ་བོད་མི་མང་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་དང་། སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས། བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དང་རྒྱུན་ལས། ཆོས་ཚོགས་ཁག་གི་འགན་འཛིན། མི་མང་ཁག་ཅིག་བཅས་ནས་དགའ་བསུ་ཞུས་ཡོད།ཕྱི་དྲོ་བོད་ཁང་དུ་རང་རིགས་མང་ཚོགས་མཇལ་འཕྲད་དང་གསུང་བཤད་གནང་ཞིང་། དེའང་དཔལ་ལྡན་སྲིད་སྐྱོང་མཆོག་ནས་ཉེ་སྔོན་ཁེ་ན་ཌ་ཁུལ་གཞུང་འབྲེལ་ཕྱོགས་ཕེབས་ཀྱིས་ཁེ་ན་ཌ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་ཚོགས་མི། གཞན་ཡང་བློན་ཆེན་དང་གྲོས་ཚོགས་འཐུས་མི་མི་ཉུང་བ་ཞིག་མཇལ་མོལ་གནང་སྐོར་དང་། དེ་བཞིན་ཕྱི་ཟླ་ ༡༠ པའི་ནང་ལྷོ་ཨ་རིའི་ཁུལ་མེཀ་སི་ཀོ་དང་། ཀོ་ལམ་སྦི་ཡ། ཀོ་སོ་ཊ་རི་ཁ་ཁུལ་སུ་བོད་དོན་དྲིལ་བསྒྲགས་དང་འབྲེལ་རྒྱབ་སྐྱོར་ཤུགས་ཆེ་ཐོབ་ཐབས་དང་།དེ་བཞིན་ཨ་རི་རྒྱལ་ས་ཝ་ཤིང་ཊོན་དུ་གྲོས་ཚོགས་གོང་འོག་གཉིས་ནང་བོད་དོན་ཁྲིམས་འཆར་གསར་པ་གཏན་འབེབས་ཡོང་རྒྱུར་རྒྱབ་སྐྱོར་ཐོབ་ཐབས་སླད་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་མཇལ་མོལ་གནང་སྐོར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་དང་བསམ་ཤེས་དགོས་གལ་དང་། བོད་ནང་གི་ཛ་དྲག་གནས་སྟངས། བོད་ཀྱི་ཆོས་རིག་དང་ཁོར་ཡུག་གི་གལ་གནད། རང་རེའི་སྐད་ཡིག་དང་རིག་གཞུང་ལ་དོ་སྣང་ཤུགས་ཆེ་གནང་རྒྱུ་དང་འབྲེལ་རྒྱུད་འཛིན་གནང་དགོས་སྐོར། དབུ་མའི་ལམ་གྱི་སྲིད་བྱུས་ངོ་སྤྲོད་སྙིང་བསྡུས། གཞན་ཡང་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་ནང་མཉམ་ཞུགས་དགོས་ངེས་སྐོར།ཕྱོགས་མཚུངས་ཨ་རིའི་གྲོས་ཚོགས་ནང་བོད་དོན་ཁྲིམས་འཆར་གསར་པ་གཏན་འབེབས་གནང་རྒྱུ་དང་འབྲེལ་བའི་སྐོར་གསུང་བ་དང་འབྲེལ་གལ་ཏེ་གཏན་འབེབས་བྱུང་ཚེ་དེ་ལུགས་ཡུ་རོབ་ཁུལ་དང་གཞན་ཡང་རྒྱལ་ཁབ་ཁག་ནང་དེ་ལྟར་གཏན་འབེབས་བྱ་རྒྱུའི་ཐོག་འབད་བརྩོན་གནང་རྒྱུ་ཡིན་སྐོར་དང་། དེ་བཞིན་བོད་ཁང་གི་འགན་འཛིན་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་སུ་བོད་ཁང་དེ་ཉིད་རང་རིགས་མང་ཚོགས་ཀྱི་ཆེད་དུ་ཚོགས་ཁང་དང་། གཟའ་མཇུག་སློབ་གྲྭ་ཚོགས་རྒྱུ་སོགས་མཐུན་འགྱུར་གནང་བར་ལེགས་གསོལ་དང་ཐུགས་རྗེ་ཆེ་གསུངས།དེའི་རྗེས་མང་ཚོགས་ཁྲོད་ནས་དྲི་བ་ཁག་ཅིག་གནང་བར་ལན་འདེབས་གསལ་བཤད་གནང་། གོང་གསལ་མི་མང་ཚོགས་འདུ་གྲུབ་རྗེས་ནང་ཆོས་ལ་དོ་སྣང་གནང་མཁན་ཕྱི་རྒྱལ་མི་སྣ་མི་ཁག་ཅིག་བོད་ཁང་དུ་ཕེབས་འདུག་པར་ཟུར་དུ་མཇལ་འཕྲད་གནང་།
ཕྱི་ཚེས་ ༢༨ སྔ་དྲོ་བོད་ཁང་དུ་ La Vanguardia གསར་འགྱུར་བརྒྱུད་ལམ་ལ་བཅར་འདྲི་དང་ལེན་གནང་བ་དང་། ཉིན་རྒྱབ་ཨོ་སོ་ཊེ་རི་ཡ་རྒྱལ་ས་ཝིཡི་ཎར་ཕེབས་ཐོན་གནང་བ་བཅས།།