༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཕྱི་ལོ་ ༢༠༢༣ ཟླ་བ་ ༡༡ ཚེས་ ༡༧ ནས་ ༡༩ བར་ཁེ་ན་ཊའི་གྲོང་ཁྱེར་ཧེ་ལི་ཕེཀ་སིར་བསྐོང་ཚོགས་གནང་བའི་ཧེ་ལི་ཕེཀ་སི་རྒྱལ་སྤྱིའི་བདེ་འཇགས་གླེང་སྟེགས་སུ་གསུང་བཤད་ཀྱི་ལས་རིམ་ཐོག་ཕེབས་ཞུགས་གནང་སྟེ་ཕྱི་ཚེས་ ༡༩ ཉིན་ཁེ་ན་ཌའི་རྒྱལ་ས་ཨོ་ཊ་ཝར་ཕེབས་འབྱོར་བྱུང་འདུག སྐབས་དེར་གནམ་ཐང་དུ་ཁེ་ན་ཌ་བོད་དོན་ལྷན་ཚོགས་ཀྱི་ངེས་སྟོན་པ་ཤེས་རབ་མཐར་ཕྱིན་ལགས་དང་། ཨོ་ཌ་ཝ་བོད་རིགས་ཚོགས་པའི་རྒྱུན་ལས་རྣམས་ནས་ཕེབས་བསུའི་སྣེ་ལེན་ཞུས་འདུག དེ་ཡང་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁེ་ན་ཊའི་སྲིད་དོན་ཚོགས་པ་ (Bloc Quebecois) ཞེས་པའི་འགོ་ཁྲིད་ཕེ་རན་ཀོ་སི་ (Francois Blanchett) ལགས་དང་། གྲོས་ཚོགས་འཐུས་མི་ཨེ་ལེག་སི་བུ་རུ་ནེལ་ (Alexis Brunelle) ལགས། གྲོས་ཚོགས་འཐུས་མི་ཇུ་ལི་ཝིག་ནོ་ལ་ (Julie Vignola) ལགས་དང་མཇལ་འཕྲད་གནང་སྟེ་ཁེ་ན་ཌའི་གཞུང་ངོས་ནས་བོད་ཀྱི་ཆབ་སྲིད་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་རྒྱབ་སྐྱོར་གནང་ཕྱོགས་ཐད་བཀའ་བསྡུར་གནང་འདུགདེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཉེ་ལམ་གསར་དུ་བསྐོ་གཞག་བྱུང་བའི་ཁེ་ན་ཌའི་ཁྲིམས་དོན་བློན་ཆེན་དང་ཁྲིམས་དོན་སྤྱི་ཁྱབ་པ་སྐུ་ཞབས་ཨ་རིབ་ཝི་ར་ནི་ (Arif virani) མཆོག་དང་། ཡུན་རིང་ནས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་དང་། ཁེ་ན་ཌའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་སྐུ་ཞབས་གྷར་ནེཊ་ཇི་ནི་སི་ (Garnett Genuis) མཆོག་སོ་སོར་མཇལ་འཕྲད་གནང་སྟེ་ཁེ་ན་ཊ་གཞུང་ནས་བོད་དོན་ལ་རྒྱབ་སྐྱོར་གནང་ཕྱོགས་སྐོར་བཀའ་བསྡུར་གནང་ཡོད། གཞན་ཡང་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨོ་ཊ་ཝའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་དང་མཇལ་འཕྲད་གནང་ཞིང་། སྐབས་དེར་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་བོད་མིའི་སྒྲིག་འཛུགས་ངོས་ནས་བོད་མི་རྣམས་ལ་རྒྱབ་སྐྱོར་ཕན་གྲོགས་གནང་བཞིན་པར་བསྔགས་བརྗོད་གནང་ཡོད་པ་རེད།ཁེ་ན་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་ཕེབས་བསུ་སྣེ་ལེན་གྱི་མཛད་སྒོ་གོ་སྒྲིག་གནང་ཡོད། མཛད་སྒོའི་ཐོག་ཁེ་ན་ཊ་སྲིད་གཞུང་གི་བློན་ཆེན་ཀ་མལ་ཁེ་ར་མཆོག་དང་། བློན་ཆེན་ཨ་རིབ་ཝི་ར་ནི་མཆོག བློན་ཆེན་གྲོ་མི་ནིག་ལ་བེ་ལེག་མཆོག གྲོས་ཚོགས་ཀྱི་ཚོགས་གཙོ་གྷེ་རེག་ཕར་གུ་སི་མཆོག གྲོས་ཚོགས་འཐུས་མི་ཇེམ་སི་མ་ལོ་ནི་ལགས། ཡུ་ཧན་བྷ་ཀར་ལགས། བྷེ་རན་མེ་ལགས། ཕེ་རེན་སིས་ཀོ་སོར་བ་ར་ལགས། བྷེ་རན་ཊན་ཧན་ལེ་ལགས། ཇེ་མི་བྷ་ཀྲིས་ཊི་ལགས། པོལ་ཆི་ཧང་ལགས། རེན་ཀྲོན་བུལ་ལགས། ས་མིར་ཛུ་བེ་རི་ལགས། པམ་བྷེ་རེན་ལགས། ཕེ་ཀལ་ཁོ་རི་ལགས། ཇོལ་ལེཊ་བོན་ལགས། ཇུ་ཊི་སག་རོ་ལགས། ཇོན་ཝི་ལེམ་ལགས། ཀོ་ཊོ་བྷོ་ཧི་སི་ལགས། ཊེ་ཝིཊ་མེག་གྷིན་ཊི་ལགས། ཨེ་ཊམ་ཝན་ལགས། གྷར་ནེཊ་ཇི་ནི་སི་ལགས། རོབ་ཨོ་ལི་ཕན་ལགས། བྷེ་རེན་ཊ་ཤ་ན་ཧན་ལགས། ཇུ་ལི་ཝིག་ནོ་ལ་ལགས་མཉམ་ཞུགས་གནང་ཡོད།ཐེངས་འདིར་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་ལྷན་དུ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་དང་། ཁེ་ན་ཌ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངེས་སྟོན་པ་ཤེས་རབ་ཐར་ཕྱིན་ལགས་ལྷན་བཅར་ཞུས་འདུག་པ་བཅས།།