༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༡༡ ཚེས་ ༢༥ རེས་གཟའ་སྤེན་པའི་སྔ་དྲོ་ཆུ་ཚོད་ ༡༡ ཐོག་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་སྐལ་བཟང་རྒྱལ་མཚན་ལགས་དང་ལས་བྱེད་རྣམས་ནས་རོང་ཆེན་བསྟན་པའི་སྒྲོན་མེ་སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ཐའེ་ཝན་དུ་ཕེབས་བསུའི་མཇལ་བཅར་ཞུས་ཡོད།
རིན་པོ་མཆོག་ལ་མཇལ་བཅར་གྱིས་དུས་ཡུན་ཆུ་ཚོད་ཕྱེད་ཀ་ཙམ་ལ་སྐུ་ཚབ་དོན་གཅོད་ནས་དོན་གཅོད་ལས་ཁུངས་ཀྱི་ལས་དོན་ཇི་སྒྲུབ་ཐད་ལ་སྙན་སེང་དང་སྦྲགས་རིན་པོ་མཆོག་ཐའེ་ཝན་ལ་བཞུགས་རིང་དོན་ཁང་ངོས་ནས་ཞབས་ཞུ་ཇི་དགོས་ཞུ་ཐབས་ཞུ་རྒྱུ་དང་། དེ་ནས་འདི་ལོ་ཕྱི་ཟླ་ ༡༢ ཚེས་ ༡༠ རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གྲགས་ཅན་ནོར་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་ ༣༤ འཁོར་བའི་དུས་ཆེན་སྲུང་བརྩི་དང་མཉམ་འདི་ལོར་ཐའེ་ཝན་དོན་གཅོད་ལས་ཁུངས་དབུ་བརྙེས་ནས་མི་ལོ་ ༢༥ འཁོར་བའི་དུས་ཆེན། ལོ་འཇུག་ཐུགས་རྗེ་ཆེ་ཞུའི་དགོང་སྟོན་ཆེན་པོར་རིན་པོ་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུའི་གཞུང་འབྲེལ་མགྲོན་ཤོག་འབུལ་གནང་ཡོད། རིན་པོ་མཆོག་ནས་ཐའེ་ཝན་དོན་ཁང་གི་ལས་དོན་གནང་ཕྱོགས་ཐད་རྒྱུན་ལྡན་དོ་སྣང་གནང་གི་ཡོད་ལ་ལས་དོན་ཡག་པོ་གནང་ཡོད་པར་བསྔགས་བརྗོད་གནང་ཡོད།ཡང་ཉིན་དེར་ཉིན་རྒྱབ་ཚུ་ཚོད་ ༢ པ་ནས་ ༦ པ་བར་ཐའེ་ཝན་གྲོས་ཚོགས་ཀྱི་ཉེ་འགྲམ་དུ་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཚན་པ་ (འགྲོ་བ་མིའི་ཅོག་རྩེ) ནས་གོ་སྒྲིག་གནང་བའི་འགྲོ་བ་མིའི་ཐོབ་ཐང་གི་འཁྲོམ་ར་ཞེས་པའི་ཐོག་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཚོགས་པ་ཁག་གྲངས་ ༤༧ དང་མཉམ་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱང་མཉམ་ཞུགས་ཀྱིས་ཐའེ་ཝན་དོན་གཅོད་ལས་ཁུངས་ཀྱི་ཁྱབ་ཁོངས་གངས་ལྗོངས་དཔེ་བསྐྲུན་ཁང་གི་དཔེ་དེབ་འགྲེམས་སྤེལ་གྱིས་བོད་ཀྱི་ལོ་རྒྱུས་དང་རིག་གཞུང་། བོད་ཟས་འབྲས་སིལ་དང་བོད་ཇ་སོགས་ངོ་སྤྲོད་ཞུས་ཐུབ་པ་བྱུང་ཡོད། སྐབས་དེར་ཚོགས་པ་སོ་སོར་གཏམ་བཤད་ཞུ་རྒྱུ་གོ་སྐབས་ཡོད་པའི་ཐོག་ཐའེ་ཝན་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ནས་བོད་ཞེས་པའི་གོ་དོན་དང་ཁྱབ་ཚད། ཉེ་ལམ་ཕྱ་ཟླ་ ༡༡ ཚེས་ ༡༠ ཉིན་རྒྱ་གཞུང་གིས་བོད་སྐོར་རྒྱབ་ཤ་དཀར་པོའི་ཡིག་ཆའི་ནང་གཞུང་འབྲེལ་ཐོག་ (TIBET) ཞེས་མིང་འབོད་པར་ (XIZANG) ཞེས་བདེ་སྤྱོད་བྱས་པའི་རྒྱབ་ལྗོངས་དང་འབྲེལ་ཞི་ཅིང་ཕིང་གི་དུས་རབས་གསར་པའི་འོག་ཏང་གི་བོད་སྐྱོང་སྲིད་བྱུས་ཞེས་པ་མི་རིགས་པ་རྩ་མེད་དང་ཆོས་ལུགས་རྩ་མེད་ཀྱི་གདུག་རྩུབ་ཅན་གྱི་སྲིད་བྱུས་ངོ་སྤྲོད་བྱས་པ་དང་ཆབས་ཅིག བོད་ཀྱི་དངོས་དོན་ཇི་ཡིན་གངས་ལྗོངས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམས་སྤེལ་བྱས་པའི་དེབ་ཁག་དང་། བོད་མིའི་སྒྲིག་འཛུགས་དང་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་དྲ་རྒྱ་དང་ངོ་དེབ་སོགས་ངོ་སྤྲོད་ཞུས་ཡོད་པ་རེད། ཉིན་དེར་ཕྱི་དྲོ་ཐའེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཧྤེ་ཊི་ལིམ་ (Freddy Lim) མཆོག་དང་ཐའེ་ཝན་འགྲོ་བ་མིའི་ཐོབ་ཐང་ཚན་པའི་ཁྱབ་ཁོངས་སུ་གཏོགས་པའི་ (Ombudsman, Control Yuan, Taiwan) གྱི་ལྕམ་སྐུ་ཧྥན་སུན་ལུ་ (Fan Sun-Lu-) གཉིས་དོན་ཁང་གི་དེབ་ཀྱི་ཁྲོམ་སྟེགས་ཐོག་འཚམས་གཟིགས་བསྐྱངས་ཡོད་མ་ཟད། ཐའེ་པེ་ནང་ཡོད་སློབ་ཕྲུག་དང་གཞོན་སྐྱེས་མང་པོས་དོན་ཁང་དེབ་ཀྱི་ཁྲོམ་སྟེགས་ཐོག་དོ་སྣང་གནང་ཡོད་པ་རྣམས་ལ་གཙོ་བོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དཔེ་དེབ་དང་། བོད་ཀྱི་ལོ་རྒྱུས་དང་རིག་གཞུང་གི་དེབ་སོགས་ངོ་སྤྲོད་ཞུ་ཐུབ་པ་བྱུང་ཡོད་བཅས།།