༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༡༡ ཚེས་ ༠༡ ནས་ ༡༠ བར་ཉི་འོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ལྷོ་ཀོ་རི་ཡར་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད།
དེ་ཡང་ཐེངས་འདིའི་འཚམས་གཟིགས་ཀྱི་དམིགས་ཡུལ་གཙོ་བོ་ནི། ལྷོ་ཀོ་རི་ཡའི་མི་མང་དང་དགེ་འདུན་པ་རྣམས་ནས་བོད་དོན་ལ་རྒྱབ་སྐྱོར་གནང་བཞིན་པར་ཐུགས་རྗེ་ལེགས་འབུལ་ཞུ་རྒྱུ་དང་། ས་གནས་སུ་བོད་མི་དང་ཀོ་རི་ཡའི་མི་མང་བར་འབྲེལ་ལམ་བཟང་དུ་གཏང་རྒྱུ་ཡིན་པ་རེད།
འཚམས་གཟིགས་ཀྱི་ཐོག་མར་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཀོ་རི་ན་ཡ་ནང་པའི་ཇོ་གྱོ་ལུགས་ཀྱི་དབུས་ལྷན་ཚོགས་ཀྱི་ཚོགས་གཙོ་ཇུ་གེ་འོང་ (Ven. Ju Gyeong) ལགས་དང་། དྲུང་ཆེ་སི་ཧོལ་དོ་ (Ven. Seol Do) ལགས་གཙོས་པའི་གནད་ཡོད་མི་སྣ་ཁག་མཇལ་འཕྲད་ཀྱིས་ནང་པའི་ལྷན་ཚོགས་ངོས་ནས་བོད་དོན་ལ་རྒྱབ་སྐྱོར་དང་རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེ་གཏོང་བཞིན་པར་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་སྤེལ་བར་ཐུགས་རྗེ་ལེགས་འབུལ་ཞུས་ཡོད། དེ་བཞིན་སྐུ་ཚབ་དོན་གཅོད་ཀྱིས་ཀོ་རི་ཡ་ནང་པའི་ཇོ་གྱོ་ལུགས་ཀྱི་མཐོ་རིམ་སྐུ་ཚབ་ཚོགས་ཆུང་ཞིག་དང་མཇལ་འཕྲད་གནང་སྟེ་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཇེ་སྡུག་ཏུ་འགྲོ་བཞིན་པའི་གནས་སྟངས་གསལ་བཤད་གནང་ཡོད་པ་དང་། དགེ་འདུན་པ་རྣམས་ནས་ཀྱང་བོད་མིར་གདུང་སེམས་མཉམ་སྐྱེ་བསྟན་པ་དང་ཆབས་ཅིག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ལྡན་པའི་ཐོག་མགོན་པོ་མཆོག་སྐུ་ཚེ་ཡུན་དུ་བརྟན་པའི་ཐུགས་སྨོན་མཛད་ཡོད། ཕྱོགས་ཕེབས་དེ་དང་སྟབས་བསྟུན་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཀོ་རི་ཡར་ཡོད་པའི་བོད་བརྒྱུད་ནང་བསྟན་གྱི་ཆོས་ཚོགས་ཁག་ཅིག་ཏུ་ཆེད་བཅར་ཞུས་ཏེ་ཆོས་ཚོགས་ཀྱི་མཁན་པོ་དང་ལས་བྱེད། དད་ལྡན་ཆོས་ཞུ་བ་སོགས་དང་མཇལ་ཏེ་བོད་དོན་ངོ་སྤྲོད་གནང་ཡོད་པ་རེད།
སྐབས་དེར་ཀོ་རི་ཡའི་གྲོས་ཚོགས་འཐུས་མི་ཇི་སོང་ཧོ་ (Ji Seong-Ho) ལགས་ཀྱིས་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་དང་དགེ་བཤེས་ནམ་མཁའ་ལགས་གཉིས་དང་མཇལ་ཏེ་བོད་དོན་དང་། བྱང་ཀོ་རི་ཡ། སྲིད་དབང་སྒེར་འཛིན་པ་ལ་བརྟེན་ནས་འཛམ་གླིང་ལ་ཉེན་ཁ་འཕྲད་བཞིན་པ་སོགས་ཀྱི་སྐོར་གྲོས་མོལ་གནང་ཡོད་པ་མ་ཟད། དེ་ལྟར་ཁོང་གིས་སོག་པོ་དང་མན་ཇུའི་གནད་དོན་ལ་རྒྱབ་སྐྱོར་གནང་མཁན་ལྷོ་ཀོ་རི་ཡའི་མཁས་དབང་དང་། ཕྱི་འབྲེལ་མི་སྣ་ཟུར་པ་ཁག་དང་མཇལ་འཕྲད་ཞུས་ཏེ། ཁོང་རྣམས་ནས་བོད་དང་འབྲེལ་བའི་ལོ་རྒྱུས་ཀྱི་གནད་དོན་ཁག་ཅིག་སྐོར་མཇལ་མོལ་གནང་ཡོད། གཞན་ཡང་སྐུ་ཚབ་དོན་གཅོད་རྡོང་རྒུག་གཙུག་ལག་སློབ་གཉེར་ཁང་ (Dongguk University) གི་འགན་འཛིན་ཊོན་གོན་ (Don Gwan) ལགས་དང་ཚོགས་གཙོ་ཡུན་ཇེ་ཝོང་ཊེ་ (Yun Jae Woong Dae) ལགས་དང་མཇལ་ཏེ་གཙུག་ལག་སློབ་གཉེར་ཁང་ངོས་ནས་བོད་ཕྲུག་གྲངས་བཅུ་ཙམ་ལ་སློབ་གཉེར་གྱི་གོ་སྐབས་གནང་བཞིན་པར་ཐུགས་རྗེ་ལེགས་འབུལ་ཞུས། གོ་སྐབས་དེ་དང་སྟབས་བསྟུན་ཁོང་གིས་ལྷོ་ཀོ་རི་ཡའི་གསར་ཁང་ཁག་ཅིག་གི་བཅར་འདྲིར་དང་ལེན་གྱིས་བོད་དོན་ངོ་སྤྲོད་གནང་ཡོད་པ་རེད།
ཐེངས་འདིའི་གཞུང་འབྲེལ་ཕྱོགས་ཕེབས་དེ་བཞིན་བསླབ་གསུམ་བཤད་གྲུབ་གླིང་གི་དགེ་བཤེས་ནམ་མཁའ་ལགས་དང་། བོད་རིགས་སྤྱི་མཐུན་ཚོགས་པ་བཅས་ཀྱི་མཐུན་སྦྱོར་གནང་ཡོད་པ་བཅས།།