༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༡༡ ཚེས་ ༨ ཉིན་སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དབུ་བཞུགས་ཐོག་གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་ཐེངས་ལྔ་པ་དབུ་འཛུགས་གནང་ཡོད་པ་དང་། ཚོགས་འདུ་དེ་བཞིན་ཟླ་འདིའི་ཕྱི་ཚེས་ ༨ ནས་ ༡༠ བར་ཉིན་གྲངས་གསུམ་རིང་འཚོག་གི་ཡོད་པ་རེད།
དེ་ཡང་ཚོགས་འདུར་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དང་། ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག ཚོགས་ཆུང་གི་སློབ་སྟོན་པ་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག སློབ་སྟོན་པ་བཀའ་ཟུར་བསྟན་པ་ཚེ་རིང་མཆོག སློབ་སྟོན་པ་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་ལགས། ཆབ་སྲིད་དྲུང་ཆེ་བཀྲ་ཤིས་རྒྱ་མཚོ་ལགས། བདེ་སྲུང་དྲུང་ཆེ་ཀརྨ་རིན་ཆེན་ལགས། ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་རྔ་བ་ཚེ་རྒྱམ་ལགས་ཚོགས་ཞུགས་གནང་ཡོད།
གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་ཐེངས་དང་པོ་དེ་ཕྱི་ལོ་ ༢༠༢༡ ཟླ་ ༡༡ ནང་འཚོགས་ཡོད་པ་དང་། དེ་རྗེས་རིམ་བཞིན་ཚོགས་འདུ་ཐེངས་གཉིས་པ་དེ་ཕྱི་ལོ་ ༢༠༢༢ ཟླ་བ་ ༧། གསུམ་པ་ཕྱི་ལོ་ ༢༠༢༢ ཟླ་བ་ ༡༡། བཞི་པ་ཕྱི་ལོ་ ༢༠༢༣ ཟླ་ ༤ ནང་ཚོགས་ཡོད་པ་བཅས། །