༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༩ ཚེས་ ༣༠ ཉིན་མེལ་བྷོན་དུ་རྟེན་གཞི་བྱས་པའི་རྒྱ་བོད་ (Chinese Tibetan Civil Exchange Promotion Association) ཚོགས་ཆུང་དང་། རྒྱ་རིགས་མང་གཙོའི་ལས་འགུལ། རྒྱ་ནག་གསར་པའི་མང་གཙོ་ཚོགས་པ། ཨོསྟྲེ་ལི་ཡཱ་དང་ནེའུ་ཛི་ལེནྚ་ཁུལ་གྱི་ན་གཞོན་མང་གཙོ་ཚོགས་པ་ཐུང་མོང་གིས་གོ་སྒྲིག་ཞུས་པའི་སྟོན་དཀྱིལ་དུས་སྟོན་མཛད་སྒོར་ཨོསྟྲེ་ལི་ཡཱའི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟླ་བ་བཟང་མོ་ལགས་མཉམ་ཞུགས་གནང་ཡོད།
གཞན་ཡང་དྲ་ཐོག་ནས་ཨོསྟྲེ་ལི་ཡཱའི་སྐུ་ཚབ་དོན་གཅོད་ཀརྨ་སེངྒེ་ལགས་དང་། སིཊ་ནི་བོད་རྒྱ་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཀྲང་གྲུ་གྲུ་ (Zhang Duo Duo) ལགས། ཨོསྟྲེ་ལི་ཡཱ་དང་ནིའུ་ཛི་ལེནྚ་གནས་སྡོད་རྒྱ་ནག་དམར་ཤོག་ཚོགས་པའི་བཙན་གནོན་མྱངས་མྱོང་མཁན་ཚོགས་པའི་ཚོགས་གཙོ་ཕེང་ཆོང་གི་ (Prof. Feng Chongyi) ལགས། རྒྱ་ནག་མང་གཙོའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཅིན་ཇིན་ (Chin Jin) ལགས་མཉམ་ཞུགས་གནང་ཡོད་པ་རེད།
སྐབས་དེར་སྐུ་ཚབ་དོན་གཅོད་ཀརྨ་སེངྒེ་ལགས་ཀྱིས་ཨོསྟྲེ་ལི་ཡཱ་ཁུལ་དུ་གནས་སྡོད་རྒྱ་རིགས་ཡོངས་ལ་སྟོན་དཀྱིལ་དུས་སྟོན་ལ་འཚམས་འདྲི་ཞུས་པ་དང་སྦྲགས། རྒྱ་རིགས་མང་ཚོགས་ནས་བོད་དོན་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ལེགས་འབུལ་ཞུས་པ་མ་ཟད། རྒྱ་རིགས་དང་བོད་རིགས་བར་མཛའ་འབྲེལ་གོང་མཐོར་གཏང་རྒྱུ་དང་། རྒྱ་རིགས་རྣམས་ནས་བོད་ཀྱི་གནད་དོན་གསལ་པོ་རྟོགས་སླད་ཕན་ཚུན་འབྲེལ་ལམ་བཟང་དུ་གཏོང་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས། དེ་རྗེས་འབྲེལ་ཡོད་སྐུ་མགྲོན་རྣམས་ནས་རྒྱ་རིགས་དང་བོད་རིགས་བར་མཛའ་འབྲེལ་གོང་མཐོར་གཏོང་ཕྱོགས་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཚེ་ཧྲིལ་པོ་ཞི་བདེ་དང་བྱམས་སྙིང་རྗེ་གོང་མཐོར་གཏོང་སླད་སྐུ་ལས་སྐྱོན་པར་བསྔགས་བརྗོད་གནང་ཡོད།
སྟོན་དཀྱིལ་དུས་སྟོན་ནི་རྒྱ་ནག་གི་རིག་གཞུང་ནང་གི་གལ་གནད་ཆེ་བའི་དུས་ཆེན་ཞིག་ཡིན་པ་དང་། དུས་ཆེན་དེར་ཟླ་བའི་དུས་ཆེན་ཞེས་ཀྱང་འབོད་དེ། ཉིན་དེའི་ཟླ་བ་ནི་ཉ་གང་ཞིང་ཧ་ཅང་གསལ་བས་དེ་ཡིས་འཕེལ་རྒྱས་དང་། ཞི་བདེ། མཉམ་གནས་མཚོན་པར་ཡིད་ཆེས་བྱེད་ཀྱི་ཡོད་པ་བཅས།།