༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༡༠ ཚེས་ ༡༤ ནས་ ༡༥ བར་ཉིན་གྲངས་གཉིས་རིང་ཨོསྟྲེ་ལི་ཡཱའི་བོད་རིགས་སྤྱི་མཐུན་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་བདུན་པ་ལྷོ་ཝེལ་གྱི་ཝ་ག་ཝ་ག་གྲོང་ཁྱེར་ (Wagga Wagga City) དུ་བསྐོང་ཚོགས་གནང་ཡོད་པ་རེད།
དེ་ཡང་ཉིན་གྲངས་གཉིས་རིང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུའི་སྐུ་མགྲོན་གཙོ་བོར་སྐུ་ཚབ་དོན་གཅོད་ཀརྨ་སེངྒེ་ལགས་དང་། ཆེ་བསྟོད་སྐུ་མགྲོན་དུ་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས་གཙོས་པའི་ཁེན་བྷེ་ར་དང་། སིཊ་ནི། ཁུན་སི་ལེནྡ། ཝིཀ་ཀྲོ་རི་ཡ། གནས་མཁར་གསར། ཝ་ག་ཝ་ག ན་ཧུ་ར་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཚོགས་གཞོན་ལྷན་ཞུགས་གནང་ཡོད། ཚོགས་འདུའི་ཐོག་ཨོསྟྲེ་ལི་ཡཱར་བོད་དོན་ཞུ་གཏུག་གནང་ཕྱོགས་དང་། བོད་མིའི་སྒྲིག་འཛུགས་ཀྱི་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་ལ་མཐུན་འགྱུར་གནང་ཐད། དང་བླངས་དཔྱ་དངུལ་དང་ལག་དེབ་སྔོན་པོ་ (བོད་ཀྱི་མཐུན་གྲོགས་ཀྱི་) ཞལ་འདེབས་བསྡུ་ཕྱོགས་ཐེ་བའི་གྲོས་གཞི་ཁག་ཅིག་ཐོག་གྲོས་བསྡུར་གནང་ཞིང་། སྐབས་དེར་སིཊ་ནི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཆོས་འཛིན་རྔ་བ་ལགས་ཨོསྟྲེ་ལི་ཡཱ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དང་། ན་ཧུ་ར་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཕུར་བུ་ལགས་ཨོསྟྲེ་ལི་ཡཱ་བོད་རིགས་སྤྱི་མཐུན་ཚོགས་པའི་དྲུང་ཆེར་འོས་འདེམས་གནང་ཡོད། ཕྱི་ཚེས་ ༡༥ ཉིན་ཝ་ག་ཝ་ག་བོད་རིགས་སྤྱི་མཐུན་ཚོགས་པའི་མགྲོན་འབོད་འོག་ཚོགས་བཅར་བ་རྣམས་ཝ་ག་ཝ་ག་གྲོང་ཁྱེར་གྱི་དཔེ་མཛོད་ཁང་དུ་བོད་ཡིག་དཔེ་དེབ་ཀྱི་སྡེ་ཚན་གསར་པ་དབུ་འབྱེད་མཛད་སྒོར་བཅར་ཡོད་ཅིང་། སྐབས་དེར་སྐུ་ཚབ་དོན་གཅོད་ཀརྨ་སེངྒེ་ལགས་དང་། ཕྱོགས་བཞུགས་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས་ནས་ཝ་ག་ཝ་ག་གྲོང་སྡེ་ལྷན་ཚོགས་དང་། རིག་གཞུང་སྣ་འཛོམས་ལྷན་ཚོགས་ནས་གྲོང་ཁྱེར་གྱི་དཔེ་མཛོད་ཁང་དུ་བོད་ཡིག་དཔེ་དེབ་ཀྱི་སྡེ་ཚན་གསར་འཛུགས་གནང་བར་ཐུགས་རྗེ་ལེགས་འབུལ་ཞུས་པ་དང་སྦྲགས། རྒྱ་ནག་གཞུང་གི་དབང་སྒྱུར་འོག་བོད་ཀྱི་སྐད་ཡིག་ཉམས་ཆག་འགྲོ་བཞིན་ཡོད་པ་དང་། བོད་ཀྱི་བྱམས་བརྩེ་དང་འཚེ་བ་མེད་པའི་རིག་གཞུང་དེང་གི་ཟིང་འཁྲུགས་ཆེ་བའི་དུས་སྐབས་སུ་སྔར་ལས་དགོས་གལ་ཆེ་བ་ཆགས་ཡོད་སྐོར་འགྲེལ་བརྗོད་གནང་ཡོད།
བོད་དཔེ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་ཝ་ག་ཝ་ག་གྲོང་ཁྱེར་གྱི་གྲོས་ཚོགས་འཐུས་མི་འབུམ་རམས་པ་ཇོ་མེཀ་གིར་ (Joe McGirr) ལགས་དང་། རིག་གཞུང་སྣ་འཛོམས་ལྷན་ཚོགས་ཀྱི་སྤྱི་ཁྱབ་བྷི་རིན་ཊ་ཀེ་རེན་ལགས་ (Belinda Crain) མཉམ་ཞུགས་གནང་ཡོད་པ་བཅས།།