༄༅། །ཨིན་ཡུལ་མན་ཇིས་ཊར་དང་། ལིཊ། ཝི་རལ། ལི་ཝར་པུལ་གནས་སྡོད་བོད་མིའི་མཐུན་འགྱུར་འོག་ཨིན་ཡུལ་སྐུ་ཚབ་དོན་ཁང་གིས་ཨིན་ཡུལ་རྙིང་ཞེན་ཚོགས་པ་(Conservative Party) དང་། ངལ་རྩོལ་ཚོགས་པ་ (Labour Party) གཉིས་ཀྱི་ལོ་འཁོར་ཚོགས་ཆེན་ཐོག་བོད་དོན་གོ་རྟོགས་དང་ཞུ་གཏུག་ལས་འགུལ་སྤེལ་ཡོད་པ་རེད།
དེ་ཡང་སྐབས་དེར་སྐུ་ཚབ་དོན་ཁང་ནས་གནད་དོན་གཙོ་བོ་བོད་རྒྱའི་དཀའ་རྙོག་ཞི་འགྲིག་ཆེད་ཨིན་གཞུང་གི་ཁེ་ཕན་བྱེད་སྒོ་དང་། འགྲོ་བ་མི་རིགས་ཀྱི་འཚོ་གནས་ཆེད་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་གནང་གལ་ཆེ་བའི་སྐོར་ཞུ་གཏུག་གནང་ཡོད། ཨིན་ཡུལ་མན་ཇིས་ཊར་དུ་རྙིང་ཞེན་ཚོགས་པའི་ཚོགས་ཆེན་སྐབས་བོད་དོན་གོ་རྟོགས་ཀྱི་གསུང་བཤད་ལས་རིམ་ཞིག་གོ་སྒྲིག་ཞུས་ཐོག་ཨིན་ཡུལ་གནས་འཁོད་བོད་དོན་མཁས་པ་དིབ་ཡེཤ་ཨ་ནནྡ་ (Dibyesh Anand) ལགས་དང་། འབུམ་རམས་པ་མར་ཊིན་མིལ་ (Martin Mills) ལགས། སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས་ནས་བོད་དོན་སྐོར་གསུང་བཤད་དང་ཚོགས་བཅར་བའི་དོགས་འདྲི་ཁག་ལ་ལེན་འདེབས་གསལ་བཤད་གནང་ཡོད། ཞུ་གཏུག་སྐབས་ས་གནས་བོད་མིའི་རོགས་སྐྱོར་འོག་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས་དང་དྲུང་ཆེ་བློ་ཆོས་ལགས་གཉིས་ནས་གཞུང་འཛིན་དང་ཕྱོགས་འགལ་ཚོགས་པའི་གྲོས་ཚོགས་འཐུས་མི་དང་། གྲོང་སྡེ་ལྷན་ཚོགས་ཀྱི་འཐུས་མི། ཉམས་ཞིབ་པ། སྲིད་དོན་ཚོགས་པའི་ཚོགས་མི། གཞན་ཡང་བསམ་ཚུལ་མཐུན་པའི་ཚོགས་སྡེ་དང་། ཚོང་སྡེ། འཐབ་རྩོད་པ་སོགས་དང་མཇལ་འཕྲད་ཀྱིས་བོད་དོན་སྐོར་སྙན་སེང་ཞུ་གཏུག་གནང་ཡོད། སྐབས་དེར་ཞུ་གཏུག་པ་རྣམས་ནས་ཧོང་ཀོང་བ་ཚོར་ཡང་གདུང་སེམས་མཉམ་སྐྱེ་ཞུས་ཡོད་པ་མ་ཟད། བོད་མི་དང་བླངས་བ་རྣམས་ཀྱིས་བོད་དོན་གནས་ཚུལ་འཁོད་པའི་ཤོག་བྱང་འགྲེམས་སྤེལ་གནང་ཡོད་པ་རེད། ངལ་རྩོལ་སྲིད་དོན་ཚོགས་པའི་ཚོགས་ཆེན་ཐོག་བོད་མིའི་སྐུ་ཚབ་ཚོགས་ཆུང་ནས་ཕྱོགས་འགལ་ཚོགས་པའི་གྲིབ་གཟུགས་བཀའ་ཤག་གི་བློན་ཆེན་ཁག་ཅིག་ཐེ་བའི་གྲོས་ཚོགས་འཐུས་མི་སོགས་དང་མཇལ་འཕྲད་ཀྱིས་ཞུ་གཏུག་གནང་བ་མ་ཟད། རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཟུར་པ་སལ་མན་ཁུར་ཤེཊ་མཆོག་ (Salman Khurshid) མཆོག་ཀྱང་ཞུ་གཏུག་ཁང་དུ་ཕེབས་བསུ་ཞུས་ཡོད་པ་བཅས།།