༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༡༠ ཚེས་ ༢༧ ཉིན་ཨ་རུ་ན་ཅལ་མངའ་སྡེའི་བློན་ཆེན་ཟུར་པ་ཏང་ཡོང་ཏ་ཏག་ (Tanyong Tatak) ལགས་ཀྱི་གཙོ་སྐྱོང་འོག་ཨ་རུ་ན་ཅལ་མངའ་སྡེའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་བསྐོང་ཚོགས་ཀྱིས་ཏ་ར་ཏ་རག་ (Tarh Tarak) ལགས་ཚོགས་པའི་ཚོགས་གཙོ་དང་། ཉི་མ་སེངྒེ་ལགས་དྲུང་ཆེར་བསྐོ་བཞག་གནང་ཡོད་པ་རེད།
དེ་ཡང་ཚོགས་འདུའི་ཐོག་སེངྒེ་ལགས་དང་། ཨ་རུ་ན་ཅལ་མངའ་སྡེའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་མཁན་ཨ་ནོག་ཝང་ས་ལགས་ཀྱིས་བོད་ཀྱི་གནད་དོན་སྤྱི་དང་། བྱེ་བྲག་ཏུ་ཚོགས་པའི་ལས་དོན་སྤེལ་སྐབས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་སྡེ་ཚན་ནང་མར་འབྲེལ་བ་དང་ལམ་སྟོན་ཞུ་དགོས་ངོ་སྤྲོད་གནང་རྗེས་ཚབ་གསར་ཚོགས་གཙོ་ཏ་རག་ལགས་ནས་དམིགས་ཡུལ་དང་འཆར་གཞི་ལྡན་པའི་ཐོག་ནས་ཕྱག་ལས་གནང་རྒྱུའི་དམ་བཅའ་དང་སྦྲགས། ཚོགས་པའི་ངོས་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་པ་གསུངས་ཡོད།
སྤྱིར་ཨ་རུ་ན་ཅལ་མངའ་སྡེའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོའི་ས་མིག་ཕྱི་ལོ་ ༢༠༢༡ ཟླ་བ་ ༡༠ ཚེས་ ༢༢ ཉིན་སྐབས་དེའི་ཚོགས་གཙོ་གྷེ་ཅོ་ཀ་བག་ལགས་འདས་གྲོངས་སུ་གྱུར་རྗེས་སྟོང་པར་ལྷག་ཡོད་པ་བཅས།།