༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༡༠ ཚེས་ ༡༨ ཉིན་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་དམར་ཤོག་ཚོགས་པ་དང་འབྲེལ་བའི་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་མཻག་གྷ་ལ་གྷེར་(Mike Gallagher) ལགས་དང་། ཚོགས་མི་རཱ་ཇཱ་ཀྲྀཥྞཱ་མཱུརྟི་ (Raja Krishnamoorthi) ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་རི་ཅཊ་གྷེ་རི་ལགས་རྣམ་གཉིས་དང་མཇལ་འཕྲད་གནང་རྗེས་བོད་དོན་ལ་རྒྱབ་སྐྱོར་གྱི་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་གནང་འདུག
དེ་ཡང་གསར་འགོད་བསྒྲགས་གཏམ་ནང་དུ། རྒྱ་ནག་གཞུང་གིས་འདས་པའི་ལོ་ཡུན་དུ་མའི་རིང་བོད་མིར་བཙན་གནོན་དང་། འཛིན་བཟུང་། བོད་མིར་དྲག་གནོན། བོད་མིའི་གཞི་རྩའི་རང་དབང་དང་རང་སྐྱོང་ལ་དམ་བསྒྲགས་བྱེད་པ་སོགས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེ་བཏང་རྐྱེན་བོད་མི་རྣམས་ནས་དཀའ་སྡུག་ཚད་མེད་མྱངས་ཡོད་ཅིང་། ལྷག་པར་ཉེ་ལམ་ཞི་ཅིན་ཕིང་གིས་བོད་མིར་དྲག་གནོན་ཚབས་ཆེ་རུང་བཏང་སྟེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ངོས་འཛིན་གནང་སྒོར་ཐེ་བྱུས་དང་། བོད་མིའི་རིགས་རྫས་དཔེ་མཚོན་བསྡུ་རུབ་བྱས་ཏེ་བོད་མིར་བྱ་ར་སོ་ཉུལ་བྱེད་བཞིན་ཡོད།
དེ་རིང་ང་ཚོ་ཆིག་སྒྲིལ་གྱིས་བོད་མིར་རྒྱབ་སྐྱོར་ཞུ་རྒྱུ་དང་། རྒྱ་ནག་དམར་ཤོག་ཚོགས་པས་བོད་བཙན་འཛུལ་བྱེད་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། བོད་མི་ཡིན་ནོ་ཅོག་ལ་འཁོན་ལན་གྱི་འཇིགས་སྣང་མེད་པའི་ཐོག་ནས་རང་ཉིད་ཀྱི་བསམ་ཚུལ་བརྗོད་རྒྱུའི་རང་དབང་ངེས་པར་དགོས། བོད་ནང་རྒྱ་ནག་དམར་གཞུང་གི་དྲག་གནོན་མཚམས་འཇོག་ཡོང་བར་ཞི་བའི་ཐབས་ལམ་འཚོལ་ཆེད་ང་ཚོས་འབྲེལ་ཡོད་སྐུ་ཞབས་རི་ཅཊ་གྷེ་རི་མཆོག་དང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལྷན་དུ་མཉམ་ལས་བྱེད་འཆར་ཡོད་ཅེས་བཀོད་འདུག་པ་བཅས།།