༄༅། །སྦར་སིལ་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན་དོན། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་དཔྱ་དངུལ་ཚན་པའི་འབྲེལ་ལས་དབྱངས་ཅན་སྒྲོལ་དཀར་ལགས་དང་ཆུ་སྐྱིད་སྒྲོལ་མ་ལགས་རྣམ་གཉིས་སྦེལ་ཇམ་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་ཁྱབ་ཁོངས་རྒྱལ་ཁབ་ཁག་གི་ནང་དང་བླངས་དཔྱ་དངུལ་ལག་དེབ་གསར་བཟོ་དང་ནོར་བཅོས། བོར་བརླགས། གཞན་ཡང་དང་བླངས་དཔྱ་དངུལ་བསྡུ་རུབ་ཀྱི་ལས་དོན་ཆེད་ཐོག་མར་ཕྱི་ཟླ་ ༩ ཚེས་ ༡༩ ནས་ ༢༡ བར་ཉིན་གྲངས་གསུམ་རིང་ནི་རྡར་ལན་ཌི་དང་། དེ་རྗེས་ཕྱི་ཚེས་ ༢༢ ནས་ ༢༩ བར་ཉིན་གྲངས་བརྒྱད་རིང་སྦེལ་ཇམ། མཐར་ཕྱི་ཟླ་ ༩ ཚེས་ ༣༠ ནས་ཕྱི་ཟླ་ ༡༠ ཚེས་ ༡༧ བར་ཕ་རན་སི་ཁུལ་དུ་དཔྱ་དེབ་གསར་བཟོ་དང་ནོར་བཅོས་ཀྱི་ལས་དོན་མཇུག་བསྒྲིལ་ཐུབ་པ་བྱུང་ཡོད།
ནི་རྡར་ལན་ཌིར་ཉིན་གྲངས་གསུམ་རིང་བཞུགས་རིང་དཔྱ་དེབ་ཁྱོན་ ༩༠ བཟོ་ཐུབ་ཡོད་ཅིང་། སྦེལ་ཇམ་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་རྩིས་པ་བསྟན་འཛིན་ནོར་ལྡན་ལགས་ལས་རོགས་སུ་ཆེད་ཕེབས་དང་སྦྲགས་ས་གནས་བོད་རིགས་ཚོགས་པ་ནས་ཕྱག་རོགས་གང་ཐུབ་ཞུས་ཡོད། དེ་ཡང་སྦེལ་ཇམ་ལྟ་བུར་མཚོན་ན། སྦེལ་ཇམ་བོད་རིགས་ཚོགས་པ་དང་སྦར་སིལ་དོན་ཁང་གཉིས་མཉམ་རུབ་ཐོག་ནས་གྲོང་ཁྱེར་ཨན་ཊབ་ཏུ་ཕྱི་ཟླ་ ༩ ཚེས་ ༢༣ དང་ ༢༤ རེས་གཟའ་སྤེན་པ་དང་ཉི་མ་ཉིན་གྲངས་གཉིས་རིང་ཨན་ཊབ་ཀྱི་སྤང་སྟེང་དུ་དཔྱ་དེབ་ཀྱི་ཉི་མོ་ཐེངས་གཉིས་པ་སྲུང་བརྩི་ཞུས་པར་རྒྱ་ཆེའི་མང་ཚོགས་ནས་དགའ་མོས་དང་རྒྱབ་སྐྱོར་གྱིས་ལས་གཞིར་ཆ་ཤས་བླང་མཁན་གང་མང་བྱུང་ཡོད། སྤང་སྟེང་གི་དཔྱ་དེབ་ལས་རིམ་ཐོག་དཔལ་འབྱོར་དཔྱ་དངུལ་ཚན་པའི་འབྲེལ་ལས་གཉིས་དང་མཉམ་སྦར་སིལ་དོན་ཁང་གི་དྲུང་ཆེ་འཕྲིན་ལས་དབང་འདུས་ལགས་དང་རྩིས་པ་བསྟན་འཛིན་ནོར་ལྡན་ལགས་རྣམ་གཉིས་ཕྱག་རོགས་སུ་ཕེབས་ཡོད། དཔྱ་དེབ་ཀྱི་ལས་འཆར་དང་མཉམ་ཉིན་གྲངས་གཉིས་ཀྱི་ལས་རིམ་ཐོག་གཟའ་མཇུག་སློབ་ཁག་གཉིས་ལ་ཞལ་ལག་དང་འཐུང་ཆུའི་རིགས་ཚོང་འགྲེམས་ཞུ་རྒྱུའི་གོ་སྐབས་ཕུལ་བ་དེས། སློབ་ཁག་གཉིས་ལ་དཔལ་འབྱོར་འདུ་འགོད་ཀྱི་གོ་སྐབས་གང་ལེགས་བྱུང་ཡོད།དཔྱ་དེབ་ཀྱི་ཉིན་མོ་དེར་མང་ཚོགས་ཧ་ཅང་མང་པོ་འདུ་འཛོམས་བྱུང་བ་ལྟར། སྦར་སིལ་དོན་ཁང་གི་དྲུང་ཆ་འཕྲིན་ལས་དབང་འདུས་ལགས་ནས་དང་བླངས་དཔྱ་དངུལ་ལག་དེབ་བཟོ་རྒྱུའི་གལ་གནད་སྐོར་ལ་གཏམ་བཤད་གནང་། དེ་བཞིན་དཔལ་འབྱོར་ལས་ཁུངས་ཀྱི་འབྲེལ་ལས་གཉིས་ནས་དང་བླངས་དཔྱ་དངུལ་ལག་དེབ་ཀྱི་ཁྲིམས་སྒྲིག་དང་གལ་གནད། དཔྱ་དེབ་བཟོས་པ་ཙམ་མ་ཡིན་པར་དཔྱ་དངུལ་དུས་ཐོག་འབུལ་གནང་ཡོང་བའི་འབོད་སྐུལ་ཡང་ཞུས་ཡོད།
ཕ་རན་སི་ཁུལ་ལྟ་བུར་མཚོན་ན་དཔྱ་དེབ་བཟོ་མཁན་མང་ཤོས་བྱུང་ཡོད་སྟབས། པེ་རི་སི་འབྲེལ་མཐུད་འགན་འཛིན་ཐུབ་བསྟན་ཚེ་རིང་ལགས་ནས་དང་བླངས་ཁག་གཅིག་སྣེ་འཁྲིད་ཀྱིས་དཔལ་འབྱོར་འབྲེལ་ལས་གཉིས་ལ་ཕྱག་རོགས་ཞུས་ཏེ་ལས་རིམ་ལེགས་གྲུབ་ངང་མཇུག་བསྒྲིལ་ཐུབ་པ་བྱུང་ཡོད།
ཐེངས་འདིའི་སྦར་སིལ་དོན་ཁང་གི་ཁྱབ་ཁོངས་སུ་ཁྱོན་ཉིན་གྲངས་ ༢༨ ནང་དཔྱ་དེབ་གསར་བཟོ་དང་ནོར་བཅོས་ ༡༢༠༠ བཟོ་ཐུབ་པ་བྱུང་ཡོད་ཅིང་། ས་གནས་སོ་སོའི་དཔྱ་དེབ་གསར་བཟོ་དང་ནོར་བཅོས་ཀྱི་ཞིབ་ཕྲ་གཤམ་གསལ་ལྟར་ཆགས་འདུག
ཨང་། | ས་གནས། | གསར་བཟོ། | ནོར་བཅོས། | བསྡོམས། |
༡ | ནི་རྡར་ལན་ཌི། | ༣༠ | ༦༠ | ༩༠ |
༢ | སྦར་སིལ། | ༢༠༦ | ༡༢༩ | ༣༣༥ |
༣ | ཕ་རན་སི། | ༣༣༩ | ༤༣༦ | ༧༧༥ |
ཁྱོན་བསྡོམས། |
༥༧༥ | ༦༢༥ | ༡༢༠༠ |
ཕ་རན་སི་ཁུལ་གྱི་དཔྱ་དེབ་གསར་བཟོ་གནང་མཁན་མི་གྲངས་ ༥༢ ཕུད་པའི་དེ་འཕྲོས་དཔྱ་དེབ་བཟོ་བར་ཕེབས་མཁན་ཚང་མའི་དཔྱ་དེབ་གསར་བཟོ་དང་ནོར་བཅོས་ཆ་ཚང་ལེགས་གྲུབ་ཐུབ་པ་བྱུང་ཡོད། ཕྱི་ཟླ་ ༡༠ ཚེས་ ༡༨ ཀྱི་སྔ་དྲོ་དཔལ་འབྱོར་གྱི་ལས་བྱེད་གཉིས་ཕ་རན་སི་བརྒྱུད་ཨིན་ལན་ཌི་ཁུལ་ལ་ཕེབས་ཐོན་གནང་ཡོད། །