༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༡༠ ཚེས་ ༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་སོགས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཐའེ་ཝན་གཙོས་པའི་རྒྱ་རིགས་ཆོས་ཞུ་བ་རྣམས་ལ་སྤྱན་རས་གཟིགས་ཀྱི་བཀའ་དབང་སྩལ་ཡོད་པ་རེད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་བདུན་དང་ཕྱེད་ཀ་ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་ཤིང་། ཆོས་ཞུ་བ་རྣམས་ཀྱིས་མ་ཎི་གྲངས་གསོག་དང་༸གོང་ས་མཆོག་གིས་སྒྲུབ་ཞག་མཛད་རྗེས་བཀའ་དབང་སྔོན་འགྲོའི་བཀའ་སློབ་སྩལ་དོན། དེ་རིང་ཆེད་དུ་བྱ་བའི་གདུལ་བྱ་གཙོ་བོ་ནི་ཐའེ་ཝན་ནས་ཡོང་བའི་ཆོས་གྲོགས་ཚོ་ཡིན། རྒྱ་བོད་ཧོར་གསུམ་ཞེས་ས་ཁུལ་འདི་དག་ཏུ་ནང་པའི་ཆོས་ལོ་སྟོང་ཕྲག་ལྷག་གི་རིང་དར་བ་རེད། དེང་སང་ང་ཚོས་དངོས་སུ་མཐོང་བ་ནི་རྒྱ་ནག་གི་ས་ཁུལ་མང་པོར་ནང་པའི་ལྷ་ཁང་ཧ་ཅང་མང་པོ་འདུག སྔོན་མ་ངོས་རང་རྒྱ་ནག་ཏུ་ཕྱིན་པའི་སྐབས་སུ་དོ་སྣང་བྱུང་། ནང་པའི་ལྷ་ཁང་ཧ་ཅང་མང་པོ་འདུག རྒྱ་ཧོར་བོད་གསུམ་ནི་སྤྱན་རས་གཟིགས་ཀྱི་དམིགས་བསལ་གྱི་གདུལ་བྱ་ཆགས་ཡོད། བོད་གངས་ཅན་གྱི་ལྗོངས་སུ་བར་སྐབས་ནས་རྒྱ་མི་གུང་ཁྲན་གྱིས་བསམ་བློ་ཧ་ཅང་གུ་དོག་པོའི་ཐོག་ནས་ཆོས་ལ་དམ་དྲག་བྱས་ཀྱང་བྱེད་ཐུབ་ཡོད་པ་མ་རེད་ལ། དེང་སང་རྒྱ་ནག་ཏུ་ནང་ཆོས་ལ་དོ་སྣང་བྱེད་མཁན་ཇེ་མང་ཇེ་མང་དུ་འགྲོ་བཞིན་འདུག གང་ལྟར་རྒྱ་ཧོར་བོད་གསུམ་ལ་འཕགས་པ་སྤྱན་རས་གཟིགས་ཀྱི་ཐུགས་རྗེའི་འོད་ཟེར་འཕྲོ་ཡོད་པ་དེ་ལྟར་རེད།སྐབས་སུ་བབ་པ་འཕགས་པ་སྤྱན་རས་གཟིགས་ནི་སྙིང་རྗེའི་ལྷ་མཆོག་རེད། ཆོས་ཡོད་མེད་གང་ལྟར་ཡང་སེམས་པ་བཟང་པོ་བྱ་རྒྱུ་ནི་གལ་ཆེ་ཤོས་རེད། སེམས་བཟང་པོ་བྱེད་པ་དང་། ཀུན་ལ་ཕན་སེམས་བྱེད་པ། ང་རྒྱལ་དང་ཕྲག་དོག འགྲན་སེམས་ཀྱི་སྐད་ཆ་མེད་པར་སེམས་ཅན་ཚང་མ་གཉེན་དུ་བལྟས་ནས་ཐམས་ཅད་ལ་འཕྲལ་དང་ཡུན་དུ་ཕན་པ་དང་བདེ་བ་ཡོང་བར་ཤོག་ཅེས་སྨོན་ལམ་རྒྱག་རྒྱུ་ཧ་ཅང་གལ་ཆེན་པོ་རེད། འཕགས་པ་སྤྱན་རས་གཟིགས་སྙིང་རྗེའི་ལྷ་མཆོག་རེད། བོད་གངས་ཅན་གྱི་ལྗོངས་དང་དེའི་ཉེ་འཁོར་ཚོར་སྤྱན་རས་གཟིགས་ཡི་དམ་དུ་བྱས་ནས་མ་ཎི་བགྲང་བ་ཡིས་རང་བཞིན་གྱིས་སེམས་པ་བཟང་པོ་དང་ཡ་རབས་པོ་ཡོད་པ་ང་ཚོས་མཐོང་བཞིན་པ་དེ་རེད། བར་སྐབས་ཕྲན་བུའི་ཉམས་ཆག་འགྲོ་གི་ཡོད་ཀྱང་གཞི་ནས་དེང་སང་སླར་གསོ་བ་ལ་རྒྱ་ནག་ཏུའང་ནང་པའི་ཆོས་ལ་དོ་སྣང་གསར་པ་སླེབས་ཀྱི་ཡོད་པ་རེད། ངོས་རང་ལ་མཚོན་ན་༸རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཞེས་ཚེ་རབས་མང་པོ་ཞིག་ལ་བོད་གངས་ཅན་ལྗོངས་ཀྱི་སྐྱེ་འགྲོ་སེམས་ཅན་ལ་ལས་ཀྱི་འབྲེལ་བ་ཡོད་པ་ཧ་ཅང་གསལ་པོ་རེད། དེ་རིང་འདིར་སྤྱན་རས་གཟིགས་ཀྱི་སྒོམ་ཟློས་བསྡུས་བསྡུས་ཤིག་བྱིན་རླབས་བྱེད་རྒྱུ་ཡིན། གང་ལྟར་མིའི་སྤྱི་ཚོགས་ནང་དུ་སེམས་པ་བཟང་པོ་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། ངོས་ཀྱིས་སྔོན་ནས་ཞུས་པ་བཞིན་མི་རྣམས་རང་བཞིན་ལྷན་སྐྱེས་ཀྱིས་མའི་མངལ་དུ་ཡོད་སྐབས་ནས་མ་ཡི་བརྩེ་བས་བསྐྱངས་པ་ཞིག་དང་། མངལ་ནས་བཙས་ཚར་བའི་རྗེས་སུ་མ་ཡི་ནུ་ཞོས་འཚོ་བ་རེད། གང་ལྟར་ཨ་མའི་ནུ་ཞོས་ཨ་མའི་བརྩེ་བ་མཚོན་གྱི་ཡོད། ང་ཚོ་ཚང་མ་མངལ་སྐྱེས་ཁམས་དྲུག་ལྡན་ཞེས་གསུངས་པ་དེ་གལ་ཆེན་པོ་རེད། འཛམ་གླིང་འདིའི་སྟེང་གི་མངལ་སྐྱེས་ཚང་མ་ཆུང་ཆུང་སྐབས་ནས་མ་ཡི་བརྩེ་བས་འཚོ་བ་ཡིན་པས་བརྩེ་བའི་ནུས་པའམ་བག་ཆགས་ཆུང་ཆུང་སྐབས་ནས་ཡོད་པ་རེད།བར་སྐབས་འགྱུར་བ་མང་པོ་ཕྱིན་ཡོད་ཀྱང་རྒྱ་ཧོར་བོད་གསུམ་གྱི་ས་ཁུལ་རྣམས་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཆགས་ཡོད་པས་ཆུང་ཆུང་སྐབས་ནས་མ་ཎི་བགྲང་བའི་གོམས་གཤིས་ཤིག་ཡོད་པ་རེད། ལྷག་པར་འཛམ་གླིང་ཤར་ནུབ་ལྷོ་བྱང་གང་དུའང་འཛམ་གླིང་ཞི་བདེ་ཞེས་ཤོད་བཞིན་ཡོད། ཞི་བདེ་ངོ་མ་ནི་སེམས་ལ་བརྩེ་བ་ཡག་པོ་ཞིག་སྐྱེས་ཏེ་སུ་གཅིག་ལའང་གནོད་པའི་བསམ་བློ་མེད་པར་ཕན་བདེ་སྒྲུབ་པའི་བློ་སྐྱེས་ཡོང་དུས་དངོས་གནས་འཛམ་གླིང་ཞི་བདེ་ཡོང་ཐབས་འདི་རེད། དེང་སང་དངོས་སུ་མཐོང་ཆོས་སུ་སངས་རྒྱས་པའི་ཆོས་ཁས་བླངས་ཀྱང་མ་བླངས་ཀྱང་བརྩེ་བ་བྱེད་པ་ལ་དོ་སྣང་ཤུགས་ཆེན་པོ་འདུག ངོས་རང་ལ་མཚོན་ན་འཛམ་གླིང་ཤར་ནུབ་ལྷོ་བྱང་མང་པོར་ཕྱིན་པ་རེད། བརྩེ་བ་ཟེར་བ་ལ་དགའ་པོ་བྱེད་མཁན་ཤུགས་ཆེན་པོ་འདུག ང་ཚོའི་ཆོས་ཀྱི་སྙིང་པོ་ནི་བྱང་ཆུབ་ཀྱི་སེམས་སམ་སེམས་པ་བཟང་པོ་བྱ་རྒྱུ་དེ་རེད། ང་ཚོ་མི་ཞིག་ཡིན་ཕྱིན་ཆད་ཆུང་ཆུང་སྐབས་ནས་ཨ་མའི་བརྩེ་བའི་ཐོག་ནས་འཚར་ལོངས་བྱུང་བ་ཡིན་པས་མི་ཚེ་གང་བོར་ཆུང་ཆུང་སྐབས་སུ་མའི་བརྩེ་བའི་བསྐྱངས་པའི་ནུས་པ་མུ་མཐུད་དུ་སེམས་ལ་བཞག་ནས་སྲོག་ཆགས་ཚང་མར་བརྩེ་བ་བྱེད་དགོས། དེང་སང་དངོས་ཡོད་གནས་ཚུལ་ལ་འཛམ་གླིང་ཞི་བདེ་ཞེས་ཚང་མས་འབོད་སྒྲ་བསྒྲགས་ཀྱི་ཡོད། ཞི་བདེ་ནི་སེམས་ནས་ཡོང་དགོས། བྱམས་བརྩེ་གཙོ་བོ་རེད། འཛམ་གླིང་འདིར་དེ་སྔ་སངས་རྒྱས་པའི་ཆོས་མ་དར་ས་ལའང་སེམས་པ་བཟང་པོ་བྱེད་པ་དང་། ཕན་ཚུན་ལ་བརྩེ་བ་བྱེད་པ་ནི་དར་སྲོལ་ཆེན་པོ་འདུག ཚང་མས་སེམས་པ་བཟང་པོ་བྱེད་པ་དང་ཀུན་ལ་ཕན་སེམས་བྱེད་པ་ནི་ཆོས་ཀྱི་སྙིང་པོ་ཆགས་ཡོད།ཆོས་གྲོགས་ཚང་མར་སྐུལ་མ་ཞུ་རྒྱུ་ནི་གཙོ་བོ་སེམས་བཟང་པོ་བྱེད་དགོས་པ་དེ་རེད། ངོས་ལ་མཚོན་ན་བྱང་ཆུབ་ཀྱི་སེམས་སྒོམ་རྒྱུ་ནི་ཧ་ཅང་གལ་ཆེན་པོར་བརྩིས་ནས་སྒོམ་བཞིན་ཡོད། སྒོམ་དེས་སེམས་ཀྱི་ཞི་བདེ་ཡོང་བ་དང་། སེམས་ཀྱི་ཞི་བདེ་ལ་བརྟེན་ནས་ལུས་ཀྱི་འབྱུང་བ་ཆ་སྙོམས་ཤིང་། སེམས་རང་བཞིན་གྱིས་ལྷོད་ལྷོད་ཆགས་པར་ཕན་ཐོགས་ཆེན་པོ་འདུག རིལ་བུ་ཟ་བ་སོགས་ཡག་པོ་ཡོད་ཀྱང་གཙོ་བོ་བསམ་བློའི་ཐོག་ནས་སེམས་ཀྱི་ཞི་བདེ་ཡག་པོ་བྱུང་ན་ཏན་ཏན་མི་ཚེ་སྐྱིད་པོ་ཡོང་བ་དང་། ཆོས་གྲོགས་ཚོས་བརྩེ་བ་ལ་དོ་སྣང་ཡག་པོ་བྱུང་བ་ཡིན་ན་འཛམ་གླིང་ཞི་བདེ་ཟེར་བ་ཡོང་བ་ཞིག་རེད། ཁྱོད་ཚོ་ཚང་མས་སེམས་བཟང་པོ་དང་བརྩེ་བ་བྱེད་དགོས། ངོས་ཀྱིས་རྒྱུན་པར་ཤོད་ཀྱི་ཡོད། འཛམ་གླིང་འདིར་མི་ཐེར་འབུམ་བདུན་བརྒྱད་ཅིག་ཡོད་པ་ཚང་མ་མི་གཅིག་པ་རེད། སྡུག་བསྔལ་མི་འདོད་པ་དང་། བདེ་བ་འདོད་པ་ཤ་སྟག་རེད། ཀུན་ལ་བདེ་སྐྱིད་ལྡན་པ་ཞིག་དང་། ཀུན་ལ་ཕན་བདེ་ཡོང་བའི་སྨོན་ལམ་རྒྱག་པ་དང་ཆབས་ཅིག་ལག་ལེན་གྱི་ཐོག་ནས་མི་གཙོ་བོར་གྱུར་པའི་འཛམ་གླིང་འདིའི་སྟེང་གི་སེམས་ཅན་ཚང་མར་ཕན་བདེ་སྒྲུབ་པ་དང་ཞི་བདེ་ཡོང་བར་འབད་བརྩོན་བྱ་རྒྱུ་ནི་གལ་ཆེན་པོ་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་སྤྱན་རས་གཟིགས་ཀྱི་བཀའ་དབང་བཀའ་དྲིན་སྩལ་ཡོད་པ་དང་། ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་སོགས་ཀྱིས་ཞུས་ངོར་སྩལ་བའི་སྤྱན་རས་གཟིགས་ཀྱི་བཀའ་དབང་ལ་ཐའེ་ཝན་ནས་ཆོས་ཞུ་བ་ ༡༡༠༠ གཙོས་པའི་རྒྱལ་ཁབ་ ༦༥ ནས་ཕེབས་པའི་ཆོས་ཞུ་བ་ཁྱོན་བསྡོམས་ ༦༧༠༠ བརྒལ་བ་ཕེབས་ཡོད་པ་རེད། །