༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་ལམ་སྟོན་འོག་སྡེ་ར་ལྡུན་ཁུལ་གྱི་སློབ་གྲྭ་ནང་ཁུལ་གྱི་རྩོམ་རིག་དང་རིག་གཞུང་འདུ་འཛོམས་དེ་བཞིན་ཕྱི་ལོ་ ༢༠༢༣ ཟླ་བ་ ༡༠ ཚེས་ ༦ ཉིན་མ་སུ་རི་བོད་ཁྱིམ་སློབ་གྲྭར་འགོ་འཛུགས་གནང་ཡོད་ཅིང་། འདུ་འཛོམས་ཀྱི་དབུ་འབྱེད་མཛད་སྒོར་སྐུ་མགྲོན་གཙོ་བོར་བདེ་སྐྱིད་གླིང་སྐོར་སྐྱོད་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ལྷ་འབྲུག་ལགས་དང་། སྐུ་མགྲོན་དུ་ཤེས་རིག་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས། མ་སུ་རི་སཾ་བྷོ་ཊ་གཏན་སློབ་ཀྱི་སློབ་སྤྱི་ཐག་གཅོད་ཚེ་རིང་ལགས། མ་སུ་རི་བོད་ཁྱིམ་སློབ་གྲྭའི་སློབ་སྤྱི་ཌོག་ཊོར་པ་སངས་དོན་གྲུབ་ལགས། ཉེ་འཁོར་སློབ་ཁག་གི་སློབ་སྤྱི་དང་དགེ་ཆེ་རྣམ་པ། གཟུ་དཔང་རྣམ་པ། གཞན་ཡང་འདུ་འཛོམས་སུ་མཉམ་ཞུགས་གནང་མཁན་སློབ་ཕྲུག་དང་དགེ་རྒན། ཚོགས་ཡུལ་མ་སུ་རི་བོད་ཁྱིམ་སློབ་གྲྭའི་འཛིན་རིམ་དྲུག་པ་ཡན་གྱི་སློབ་ཕྲུག་བཅས་ཚོགས་ཞུགས་གནང་ཡོད།དབུ་འབྱེད་མཛད་སྒོར་ཐོག་མར་ཤེས་རིག་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེས་འཚམས་འདྲི་དང་སྦྲགས་སློབ་གྲྭ་ནང་ཁུལ་གྱི་རྩོམ་རིག་དང་རིག་གཞུང་འདུ་འཛོམས་ཀྱི་དམིགས་ཡུལ་ནི། སློབ་ཕྲུག་རྣམས་ཀྱི་རྩོམ་རིག་དང་རིག་གཞུང་གི་སྒྱུ་རྩལ་ཡར་རྒྱས་གཏོང་ཐབས་དང་། སློབ་གྲྭ་ཕན་ཚུན་དབར་ཉམས་མྱོང་བརྗེ་རེས་བཅས་ཀྱི་སྡིངས་ཆ་བསྐྲུན་པ་བརྒྱུད་སློབ་ཕྲུག་རང་ཉིད་ཀྱི་རིག་རྩལ་དང་འཇོན་ནུས་གོང་སྤེལ་གཏོང་ཐབས་བྱ་རྒྱུ་དང་། མཉམ་ཞུགས་ནི་རྒྱལ་ཁ་ཐོབ་པ་ལས་གལ་ཆེ་བར་བརྟེན་སློབ་ཕྲུག་ཚང་མས་རང་ཉིད་ཀྱི་ནུས་ཤུགས་གང་ཡོད་འདོན་པ་དང་། སློབ་ཕྲུག་གཞན་གྱིས་ཉམས་མྱོང་དང་སློབ་སྦྱོང་བླང་རྒྱུ་གཙོ་བོ་འཛིན་དགོས་པ་བཅས་ཡིན་པ་ངོ་སྤྲོད་གནང་། དེ་རྗེས་སྐུ་མགྲོན་གཙོ་བོ་བདེ་སྐྱིད་གླིང་སྐོར་སྐྱོད་ཁྲིམས་ཞིབ་པ་ལྷ་འབྲུག་ལགས་ཀྱིས། ཁོང་རང་ཉིད་བོད་ནང་ཡོད་པའི་སྐབས་རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་རྩ་མེད་གཏོང་ཐབས་སུ་བདུན་རེར་བོད་ཡིག་གི་ཚོགས་ཐེངས་གཅིག་ལས་མེད་པ་མ་ཟད་རྒྱ་མིའི་སློབ་གསོ་རྐྱང་རྐྱང་སྤྲོད་པའི་གནས་སྟངས་སྐོར་དང་། ད་ལྟའི་ཆར་ལའང་རྒྱ་ནག་གཞུང་གིས་བོད་ནང་ཡོད་པའི་སློབ་གྲྭ་ཁག་ལ་བོད་ཡིག་སློབ་སྦྱོང་བྱེད་པའི་གོ་སྐབས་མེད་པ་བཟོ་ཐབས་དང་། སློབ་ཕྲུག་དང་ཕ་མ་དབར་ལ་འབྲེལ་ལམ་ཉུང་རུ་གཏོང་བ་སོགས་ཀྱི་བྱུས་ངན་སྲིད་བྱུས་ལག་བསྟར་བྱས་མུས་ཡིན་པ། དེའི་ཁ་གཏད་དུ་བཙན་བྱོལ་ནང་བོད་མིའི་སློབ་གྲྭ་ཁག་ཏུ་དགེ་རྒན་དང་ལས་བྱེད་རྣམས་ནས་སློབ་ཕྲུག་རྣམས་ལ་བོད་ཀྱི་སྐད་ཡིག་དང་རིག་གཞུང་རྒྱུན་འཛིན་བྱེད་དགོས་པའི་ཐུན་མོང་གི་འགན་ཡོད་པའི་སློབ་གསོ་གནང་དགོས་པ་དང་། གཞུང་གིས་འགྲོ་སོང་མང་པོ་བཏང་ནས་བོད་ཕྲུག་རྣམས་མ་འོངས་པར་སློབ་གྲྭ་ཐོན་རྗེས་རང་ཉིད་སྒེར་གྱི་ལས་དོན་ཆེད་བཙན་བྱོལ་སྤྱི་ཚོགས་ནས་རླགས་འགྲོ་བ་ལྟ་བུ་མ་ཡིན་པར། བོད་མིའི་སྒྲིག་འཛུགས་དང་བཙན་བྱོལ་སྤྱི་ཚོགས་ལ་ཞབས་འདེགས་ཞུ་དགོས་པ་གལ་ཆེ་ཡིན་པ། གཞན་ཡང་སློབ་གྲྭ་འགྲིམ་པའི་བརྒྱུད་རིམ་ནང་སྡིངས་ཆའི་ཐོག་བགྲོ་གླེང་སོགས་ཀྱི་བྱེད་སྒོ་ཁག་གི་ནང་ཆ་ཤས་བླང་དགོས་པ་གལ་ཆེ་ཡིན་སྐོར་བཅས་གསུང་བཤད་གནང་།ཉིན་དང་པོ་ཟླ་ ༡༠ ཚེས་ ༦ ཉིན་སྔ་དྲོ་དབུ་འབྱེད་ཀྱི་མཛད་སྒོ་གྲུབ་རྗེས་བོད་སྐད་བགྲོ་གླེང་དང་། ཉིན་རྒྱབ་ཨིན་སྐད་བགྲོ་གླེང་། བོད་སྐད་སྙན་ཚིག་གྱེར་འདོན། ཨིན་སྐད་སྙན་ཚིག་གྱེར་འདོན་བཅས་ལེགས་གྲུབ་བྱུང་བ་དང་། བྱེད་སྒོ་རེ་རེ་གྲུབ་རྗེས་སློབ་གྲྭ་ཨང་དང་པོ་དང་གཉིས་པ། སློབ་ཕྲུག་ཨང་དང་པོ་དང་གཉིས་པ་སོགས་ཟུར་བཏོན་གྱིས་བྱ་དགའ་གསོལ་རས་འབུལ་རྒྱུའི་སྔར་རྒྱུན་ལམ་སྲོལ་ལྟར་མ་ཡིན་པར་གཟུ་དཔང་རྣམས་ནས་བྱེད་སྒོ་དང་འབྲེལ་བའི་ལེགས་སྤེལ་ཉེས་འགོག་གི་ལམ་སྟོན་གསུང་བཤད་གནང་། ཉིན་གཉིས་པར་ཟླ་ ༡༠ ཚེས་ ༧ ཉིན་སྔ་དྲོ་གཏམ་བརྗོད་དང་། ཉིན་རྒྱབ་ཏུ་ཟུང་གཞས་དང་འཁྲབ་གཞས། དེ་རྗེས་མཇུག་བསྡོམས་མཛད་སྒོ་བཅས་ཀྱི་ལས་རིམ་འཇོག་ཡོད།མ་སུ་རི་བོད་ཁྱིམ་སློབ་གྲྭ་སློབ་གྲྭར་ཚོགས་བཞིན་པའི་སློབ་གྲྭ་ནང་ཁུལ་གྱི་རྩོམ་རིག་དང་རིག་གཞུང་འདུ་འཛོམས་སུ་སྡེ་ར་ལྡུན་ཁུལ་དུ་རྟེན་གཞི་བྱས་པའི་མ་སུ་རི་སཾ་བྷོ་ཊ་གཏན་སློབ་དང་། ཧར་པུར་སཾ་བྷོ་ཊ་ཉིན་སློབ། མ་སུ་རི་བོད་ཁྱིམ་སློབ་གྲྭ། རཱཇ་པུར་བོད་ཁྱིམ་སློབ་གྲྭ། བདེ་སྐྱིད་གླིང་བོད་ཁྱིམ་སློབ་གྲྭ། གྷོ་རི་མ་ཕི་བོད་ཁྱིམ་སློབ་གྲྭ། སེ་ལ་ཀུའི་བོད་ཁྱིམ་སློབ་གྲྭ་བཅས་ནས་སློབ་ཕྲུག་ ༡༤༢ དང་དགེ་རྒན་ ༡༤ བཅས་མཉམ་ཞུགས་གནང་བཞིན་ཡོད། སློབ་གྲྭ་ནང་ཁུལ་གྱི་རྩོམ་རིག་དང་རིག་གཞུང་འདུ་འཛོམས་ཀྱི་འགྲོ་གྲོན་ཡོངས་རྫོགས་ཁེ་ན་ཌ་རོགས་ཚོགས་ (Global Affairs Canada) ནས་གནང་བ་ཞིག་ཡིན། །
གསར་གནས།
འབྲེལ་གནས།