༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། ལ་དྭགས་བོད་མིའི་ས་གནས་ཁྲིམས་ཞིབ་པ་པདྨ་བཟང་པོ་ལགས་ནས་ཕྱི་ལོ་ ༢༠༢༣ ཟླ་ ༡༠ ཚེས་ ༡༣ ཉིན་ལ་དྭགས་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་དུ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་ཀྱི་གོ་རྟོགས་ཞིག་སྤེལ་ཐུབ་པ་བྱུང་འདུག སྐབས་དེར་སློབ་གྲྭའི་སློབ་སྤྱི་བདུད་འདུལ་འཇིགས་མེད་ལགས་དང་། དགེ་ཆ་ཤེས་རབ་རྒྱ་མཚོ་ལགས་གཙོས་པའི་དགེ་རྒན་གྲངས་ ༡༥ དང་། འཛིན་གྲྭ་བརྒྱད་པ་ཡན་གྱི་སློབ་མ་གྲངས་ ༤༥༠ བཅས་མཉམ་ཞུགས་གནང་འདུག
ཁྲིམས་ལུགས་གོ་རྟོགས་ཀྱི་ལས་རིམ་ནང་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་། བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་ཁྲིམས་ལུགས་དབང་འཛིན་གྱི་བྱུང་རིམ་དང་ངོ་བོ། འགན་དབང་། གྲུབ་ཆ། སྒྲོམ་གཞི། བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་རྩ་འཛིན་ཁྲིམས་ཡིག་ཁག་གསུམ་གྱི་ནང་དོན་སྙིང་བསྡུས་ངོ་སྤྲོད། དེ་བཞིན་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་ནང་གསལ་གྱི་ཁྲིམས་ཀྱི་ཐ་སྙད་ཁག་གི་གོ་དོན། ཁྲིམས་ཁོངས་ཁྱབ་ཚད། ཁྲིམས་ཞིབ་བྱ་རྒྱུར་གཞི་རྩའི་ཆ་རྐྱེན། གྱོད་ཡ། ཁ་མཆུ་ཞུ་གཏུག་གི་ཞུ་སྙན་དང་བརྡ་སྦྱོར། གཏུག་བཤེར་གྱི་བྱ་རིམ། བཅད་ཁྲ། བཅོས་གསོའི་ཐབས་ལམ་བཅས་བརྙན་སྟོན་འཕྲུལ་ཆས་བརྒྱུད་གོ་རྟོགས་སྤེལ་ཡོད་པ་བཅས།།