༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༡༠ ཚེས་ ༣༡ ཉིན་ཉི་འོང་གི་རྒྱལ་ས་ཀྲོག་ཡོར་འཚོག་བཞིན་པའི་རྒྱལ་སྤྱིའི་ཡུ་གུར་གླེང་སྟེགས་ཐོག་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་དང་བོད་རྒྱའི་དཀའ་རྙོག་སྐོར་གསུང་བཤད་གནང་ཡོད།
དེ་ཡང་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས་རྒྱ་ནག་དམར་ཤོག་གཞུང་གིས་འཆར་གཞི་དང་སྒྲིག་འཛུགས་ལྡན་པའི་ཐོག་ནས་བོད་དང་ཤར་ཏུར་ཀིསྟན་གྱི་རིག་གཞུང་དང་ངོ་བོ་རྒྱ་ནག་ཅན་དུ་བསྒྱུར་བཞིན་པར་ཐུགས་འཚབ་དང་སྦྲགས། འདས་པའི་ལོ་ངོ་བཅུ་ཕྲག་བདུན་རིང་བོད་ནང་གི་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་ད་ལྟའི་ཆར་བོད་ཀྱི་ཆོས་དང་རིག་གཞུང་རྩ་བརླག་ཏུ་འགྲོ་ཉེན་ཆེན་པོ་ཡོད་པ་དང་། དེའི་རྒྱུ་རྩ་ནི་བོད་རྒྱའི་དཀའ་རྙོག་ཞི་འགྲིག་མ་ཐུབ་པ་ལ་བརྟེན་ནས་བྱུང་བས་རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་རྒྱ་གཉིས་ཀྱི་དཀའ་རྙོག་སེལ་ཐབས་སུ་རྒྱབ་སྐྱོར་ཐེ་བྱུས་གནང་དགོས་པའི་འབོད་སྐུལ་གནང་ཡོད། དེ་དང་འབྲེལ་ཏེ་ཁོང་གིས་རང་དབང་ཁང་པའི་སྙན་ཐོ་ནང་དུ་བོད་ནི་ཆེས་རང་དབང་ཞན་པའི་ས་ཁུལ་དུ་ངོས་འཛིན་གནང་ཡོད་པ་ལྟར། རྒྱ་ནག་གཞུང་གི་སྟངས་འཛིན་འོག་བོད་ནང་མི་སེར་སྤེལ་ཡུལ་གཏན་འཇགས་སློབ་གྲྭ་ཁག་ཏུ་བོད་ཕྲུག་ས་ཡ་གཅིག་ལྷག་བཙན་འཇུག་གིས་བོད་རིགས་རྒྱ་རིགས་སུ་བསྒྱུར་ཐབས་ཀྱི་ངན་བྱུས་སྒྲིག་བཞིན་ཡོད་ཅིང་། བྱེད་སྒོ་དེ་དག་ནི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེ་བཏང་བ་ཞིག་ཡིན་པ་གསལ་བཤད་གནང་། ཕྱོགས་མཚུངས་ཁོང་གིས་རྒྱ་ནག་གཞུང་གིས་བོད་མིའི་འགྲོ་འདུག་སྤྱོད་གསུམ་ལ་བྱ་ར་གསོ་ཉུལ་བྱེད་ཕྱིར་བོད་མིའི་རིགས་རྫས་དཔེ་མཚོན་བསྡུ་རུབ་བྱེད་བཞིན་པའི་སྐོར་དང་། རྒྱ་ནག་གཞུང་གི་དྲག་གནོན་ཆེ་བའི་དབང་སྒྱུར་ལ་ངོ་རྒོལ་གྱིས་བོད་མི་གྲངས་ ༡༥༧ ནས་རང་ལུས་མེར་སྲེག་བཏང་ཡོད་པའི་གནས་ཚུལ་ཞིབ་ཕྲ་འགྲེལ་བརྗོད་གནང་ཡོད་པ་རེད།
དེ་ལས་འཕྲོས་ཏེ་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས་རྒྱ་ནག་དམར་ཤོག་གཞུང་གི་ཁྲིམས་འགལ་གྱི་བཙན་བཟུང་དང་ལོག་བཤད་ལ་ཁ་གཏད་གཅོག་ཆེད་བོད་མི་དང་ཡུ་གུར་བའི་གཞུང་འབྲེལ་འགོ་ཁྲིད་དང་། གཞུང་ཁོངས་མིན་པའི་ཚོགས་པ། འཐབ་རྩོད་པ་ཕན་ཚུན་བར་འབྲེལ་ལམ་དམ་དུ་གཏོང་དགོས་པའི་དགོངས་ཚུལ་གསུངས་པ་དང་ཆབས་ཅིག བོད་མིའི་སྒྲིག་འཛུགས་ངོས་ནས་བོད་མི་དང་། ཡུ་གུར། ལྷོ་སོག ཧོང་ཀོང་། མན་ཇུ་རི་ཡ། ཐེའི་ཝན་མི་རིགས་ལྷན་དུ་ཐབས་བྱུས་ཚོགས་འདུ་རིགས་གོ་སྒྲིག་གནང་བཞིན་ཡོད་པ་གསལ་བཤད་གནང་ཡོད། སྤྱིར་ཉི་འོང་དང་ཡུ་གུར་གྲོས་ཚོགས་འཐུས་མིའི་བྱུས་སྟོན་ཚོགས་ཆུང་དང་། རྒྱལ་སྤྱིའི་ཡུ་གུར་ལྷན་ཚོགས་ཀྱིས་གོ་སྒྲིག་ཞུས་པའི་རྒྱལ་སྤྱིའི་ཡུ་གུར་གླེང་སྟེགས་དེ་བཞིན་རྒྱ་ནག་དམར་ཤོག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེ་གཏོང་བཞིན་པར་ངོ་རྒོལ་གནང་མཁན་གྲོས་ཚོགས་འཐུས་མི་དང་། ཆབ་སྲིད་པ། འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ། གཞུང་ཁོངས་མིན་པའི་ཚོགས་པ། ཆེད་མཁས་པ་སོགས་ཕན་ཚུན་བར་འབྲེལ་མཐུད་གོ་སྒྲིག་གནང་རྒྱུ་ཡིན་པ་དང་། གླེང་སྟེགས་ཐོག་བོད་མིའི་སྐུ་ཚབ་ཁོངས་སུ་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་དང་། བོད་མི་མང་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས། ཉི་འོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁུངས་ཀྱི་བློ་བཟང་དབྱངས་མཚོ་ལགས་བཅས་ལྷན་ཞུགས་གནང་ཡོད་པ་བཅས།།