༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༡༠ ཚེས་ ༠༦ ཉིན་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ (Bharat Tibet Sahyog Manch) ཞེས་པ་དབུ་བཙུགས་ནས་ལོ་ངོ་ཉི་ཤུ་རྩ་ལྔ་འཁོར་བའི་དུས་ཆེན་ཅཎྚཱི་གཊྷ་ནང་དུ་སྲུང་བརྩི་ཞུས་ཡོད།
དེ་ཡང་མཛད་སྒོའི་ཐོག་རྒྱ་གར་རྒྱལ་ཡོངས་དང་བླངས་ཞབས་ཞུ་ཚོགས་པའི་འགོ་ཁྲིད་རྒན་པ་པྲ་དཱིཔ་ཇོ་ཤཱི་ལགས་དང་། ཧི་མ་ཅལ་མངའ་སྡེའི་དབུས་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་ཟུར་པ་ཀུལ་དཱིཔ་ཅནྡ་ཨགྣིཧོཏྲཱི་ལགས། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་སྡེ་ཚན་ནང་མའི་ཚོགས་གཙོ་རིན་ཆེན་མཁའ་འགྲོ་ལགས། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ (Bharat Tibet Sahyog Manch) ཡི་རྒྱལ་ཡོངས་འགན་འཛིན་སར་དཱར་ཧར་ཇཱིཏ་སིངྷ་གྲེ་བཱལ་ལགས། ཕྱི་འབྲེལ་དྲུང་འཕར་བསྟན་འཛིན་ལེགས་བཤད་ལགས། འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་འབྲེལ་མཐུད་པ་ཐུབ་བསྟན་རིག་འཛིན་ལགས། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ (BTSM) དང་འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་ལས་བྱེད་སོགས་ལྷན་ཞུགས་གནང་ཡོད། སྐབས་དེར་རྒྱ་གར་རྒྱལ་ཡོངས་དང་བླངས་ཞབས་ཞུ་ཚོགས་པའི་འགོ་ཁྲིད་རྒན་པ་པྲ་དཱིཔ་ཇོ་ཤཱི་ལགས་ཀྱིས་རྒྱ་ནག་གི་བཙན་དབང་འོག་བོད་མི་རྣམས་ནས་སྡུག་བསྔལ་ཚད་མེད་མྱངས་ཡོད་པ་རྣམས་དྲན་གསོ་བའི་ཕྱིར་བོད་ཀྱི་རང་དབང་སླར་གསོ་གནང་དགོས་པའི་སྐོར་དང་། ཧི་མ་ཅཱལ་མངའ་སྡེའི་དབུས་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་ཟུར་པ་ཀུལ་དཱིཔ་ཅནྡ་ཨགྣིཧོཏྲཱི་ལགས་ཀྱིས་འཛམ་གླིང་ཞི་བདེའི་ཆེད་བོད་ཀྱི་རིག་གཞུང་དང་། བོད་བརྒྱུད་ནང་བསྟན་དགོས་གལ་ཧ་ཅང་ཆེན་པོ་ཡོད་པས། རྒྱའི་བཙན་དབང་ནས་བོད་ཀྱི་རང་དབང་སླར་གསོའི་ཆེད་ལས་འགུལ་སྤེལ་དགོས་སྐོར་སོགས་གསུངས་ཡོད། གཞན་ཡང་མཛད་སྒོའི་ཐོག་ཕྱི་དྲིལ་དྲུང་འཕར་བསྟན་འཛིན་ལེགས་བཤད་ལགས་དང་། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་སྡེ་ཚན་ནང་མའི་ཚོགས་གཙོ་རིན་ཆེན་མཁའ་འགྲོ་ལགས། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ (Bharat Tibet Sahyog Manch) ཡི་རྒྱལ་ཡོངས་འགན་འཛིན་སར་དཱར་ཧར་ཇཱིཏ་སིངྷ་གྲེ་བཱལ་ལགས་ནས་ཀྱང་འཕགས་བོད་ཀྱི་འབྲེལ་ལམ་དང་། རྒྱ་གར་གྱིས་བོད་དོན་ལ་རྒྱབ་སྐྱོར་གནང་ཕྱོགས། རྒྱ་དཀར་ནག་གི་འབྲེལ་བ་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད།
དེ་དང་དུས་མཚུངས་མཛད་སྒོའི་ཐོག་འཕགས་བོད་འབྲེལ་མཐུད་ལས་ཁུངས་ནས་བོད་དོན་དང་འབྲེལ་བའི་དཔེ་དེབ་ཁག་ཅིག་འགྲེམས་སྤེལ་གནང་བ་མ་ཟད། ཉེ་ལམ་ཅཎྚཱི་གཊྷ་དུ་གསར་འཛུགས་ཞུས་པའི་ཡན་ལག་སྨན་རྩིས་ཁང་གི་ཆ་དངོས་དང་ཞབས་ཞུའི་སྐོར་གོ་རྟོགས་སྤེལ་བར་མགྲོན་འབོད་གནང་བའི་ཐོག ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ནས་སྐུ་མགྲོན་ཚོར་བོད་གཞས་གཟིགས་འབུལ་ཞུས་ཡོད་པ་བཅས།།