༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༡༠ ཚེས་ ༡༧ ཉིན་འཕགས་བོད་འབྲེལ་མཐུད་ལས་ཁུངས་དང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ (Bharat Tibbat Samvad Manch) ཟུང་སྦྲེལ་གྱི་གོ་སྒྲིག་འོག་ཨུ་ཏར་པྲ་དེཤ་མངའ་སྡེའི་ཕ་རིལ་ན་གར་གྱི་མ་ཧཱ་བིར་མཐོ་སློབ་ཏུ་བོད་དོན་གོ་རྟོགས་ཀྱི་གཏམ་བཤད་དང་འགྲེམས་སྟོན་གནང་ཡོད་པ་རེད།
གསུང་བཤད་ལས་རིམ་ཐོག་མཐོ་སློབ་ཀྱི་སློབ་སྤྱི་ཨག་ཤ་ཡ་པན་ཊེ་ལགས་དང་། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་སྡེ་ཚན་ནང་མའི་རྒྱལ་ཡོངས་ཟུང་སྦྲེལ་ཚོགས་གཙོ་སུ་རེནྡྲ་ཀུ་མཱར་ལགས། རྣམ་རྒྱལ་གྲྭ་ཚང་འབྲེལ་ལས་གྲྭ་བསྟན་སྐྱོང་ལགས། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ (BTSM) ཡི་ཤུབ་ལལ་ལགས། འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་འབྲེལ་མཐུད་པ་ཐུབ་བསྟན་རིག་འཛིན་ལགས་དང་འབྲེལ་ཡོད་ལས་བྱེད། མཐོ་སློབ་ཀྱི་དགེ་ལས་སོགས་མཉམ་ཞུགས་གནང་ཡོད། སྐབས་དེར་སྐུ་ཞབས་སུ་རེནྡྲ་ཀུ་མཱར་ལགས་ཀྱིས་འཕགས་བོད་ཀྱི་འབྲེལ་ལམ་དང་། རྒྱ་ནག་གིས་བོད་བཙན་བཟུང་བྱས་ཚུལ་དང་དེ་ལ་བརྟེན་ནས་རྒྱ་གར་གྱི་བདེ་འཇགས་ལ་དོ་ཕོག་འགྲོ་ཚུལ་སྐོར། རྒྱ་གར་གྱིས་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུ་གལ་ཆེན་པོ་ཡིན་པ་སོགས་ཀྱི་སྐོར་གསུང་བཤད་གནང་། དེ་བཞིན་འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་འབྲེལ་མཐུད་པ་ཐུབ་བསྟན་རིག་འཛིན་ལགས་དང་། མཐོ་སློབ་ཀྱི་སློབ་སྤྱི་ཨག་ཤ་ཡ་པན་ཊེ་ལགས་ནས་བོད་དང་རྒྱ་གར་བར་གྱི་ཤེས་རིག་དང་རིག་གཞུང་གི་འབྲེལ་བའི་སྐོར་ཤེས་རྟོགས་དགོས་རྒྱུ་གལ་ཆེན་པོ་ཡིན་སྐོར་མཚོན་པའི་བོད་མིའི་རང་དབང་འཐབ་རྩོད་དང་། བོད་མིའི་སྒྲིག་འཛུགས་སྐོར་ངོ་སྤྲོད་གནང་ཡོད།
གསུང་བཤད་ལས་རིམ་ཐོག་མཐོ་སློབ་ཀྱི་སློབ་གཉེར་བ་ ༣༠༠ ལྷག་དང་གསར་འགོད་པ་སོགས་མཉམ་ཞུགས་གནང་ཡོད། དེ་དང་དུས་མཉམ་བོད་ཀྱི་འགྲེམས་སྟོན་ནས་འཕགས་བོད་ཀྱི་འབྲེལ་ལམ་སྐོར་པར་རིས་འགྲེམས་སྟོན་དང་། བོད་དོན་དང་འབྲེལ་བའི་དཔེ་དེབ་བགོ་འགྲེམས་ཀྱི་བོད་དོན་སྐོར་དྲིལ་བསྒྲགས་གང་ལེགས་གནང་ཡོད་པ་བཅས།།