༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༡༠ ཚེས་ ༡༦ ཉིན་འཕགས་བོད་འབྲེལ་མཐུད་ལས་ཁུངས་དང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ (Bharat Tibbat Samvad Manch) ཞེས་པའི་ཟུང་སྦྲེལ་གོ་སྒྲིག་འོག་སྟོན་པ་བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདས་ཡུལ་རྩ་མཆོག་གྲོང་གི་བུདྡྷ་མཐོ་སློབ་དུ་བོད་དོན་གོ་རྟོགས་ལས་རིམ་ཞིག་གོ་སྒྲིག་གནང་ཡོད།
དེ་ཡང་གསུང་བཤད་ལས་རིམ་གྱི་སྐུ་མགྲོན་གཙོ་བོར་མངའ་སྡེའི་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་རཇ་ནཱི་ཀཱནྟ་མཱ་ཎི་ཏྲི་པཱ་ཋཱི་ལགས་དང་། དམིགས་བསལ་སྐུ་མགྲོན་སྤྱི་ཚོགས་ཞབས་ཞུ་བ་སྐུ་ཞབས་རཱ་ཀེཤ་ཇཱ་ཡསྦཱལ་ལགས། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་སྡེ་ཚན་ནང་མའི་རྒྱལ་ཡོངས་ཟུང་སྦྲེལ་འབྲེལ་མཐུད་པ་སྐུ་ཞབས་རུ་རེནྡྲ་ཀུ་མཱར་ལགས། རྣམ་རྒྱལ་གྲྭ་ཚང་གི་འབྲེལ་ཡོད་ལས་བྱེད་གྲྭ་བསྟན་སྐྱོང་ལགས། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་ (Bharat Tibbat Samvad Manch) པའི་སྐུ་ཞབས་ཤུབ་ལལ་ལགས། འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་འབྲེལ་མཐུད་པ་ཐུབ་བསྟན་རིག་འཛིན་ལགས་དང་ལས་བྱེད། དེ་བཞིན་མཐོ་སློབ་ཀྱི་དགེ་ལས་སོགས་མཉམ་ཞུགས་གནང་ཡོད། སྐབས་དེར་སྐུ་ཞབས་སུ་རེནྡྲ་ཀུ་མཱར་ལགས་ཀྱིས་འཕགས་བོད་གཉིས་ཀྱི་འབྲེལ་བ་དང་། རྒྱ་ནག་གིས་བོད་བཙན་བཟུང་བྱས་ཚུལ་དང་དེ་ལ་བརྟེན་ནས་རྒྱ་གར་གྱི་བདེ་འཇགས་ལ་དོ་ཕོག་འགྲོ་ཚུལ། དེ་བཞིན་བོད་བཙན་བཟུང་མ་བྱས་པའི་སྔ་རོལ་དུ་འཕགས་བོད་གཉིས་ཀྱི་ས་མཚམས་སུ་དཀའ་ངལ་མེད་པའི་སྐོར་འགྲེལ་བརྗོད་གནང་ཡོད། འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་འབྲེལ་མཐུད་པ་ཐུབ་བསྟན་རིག་འཛིན་ལགས་ཀྱིས་བོད་དོན་གོ་རྟོགས་ལས་འགུལ་སྤེལ་དགོས་པའི་དམིགས་ཡུལ་ངོ་སྤྲོད་དང་འབྲེལ། རྒྱ་གར་གྱི་གཞོན་སྐྱེས་རྣམས་ལ་འཕགས་བོད་ཀྱི་འབྲེལ་ལམ་དང་། བོད་ནང་གི་ཛ་དྲག་གནས་སྟངས་སྐོར་འགྲེལ་བརྗོད་བྱ་རྒྱུ་གལ་གནད་ཆེན་པོ་ཡིན་སྐོར་གསལ་བཤད་གནང་རྗེས་མངའ་སྡེའི་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་རཇ་ནཱི་ཀཱནྟ་མཱ་ཎི་ཏྲི་པཱ་ཋཱི་ལགས་ཀྱིས་བོད་དང་རྒྱ་གར་བར་གྱི་སྐད་དང་རིག་གཞུང་གི་འབྲེལ་བ་ངོ་སྤྲོད་དང་སྦྲགས། རྒྱ་གར་གྱི་གཞོན་སྐྱེས་རྣམས་ཀྱིས་བོད་ཀྱི་རང་དབང་འཐབ་རྩོད་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེ་གནང་དགོས་པའི་འབོད་སྐུལ་གནང་། གཞན་ཡང་སྐབས་དེར་འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་གོ་སྒྲིག་འོག་མཐོ་སློབ་ཏུ་རྩོམ་ཡིག་འགྲན་སྡུར་གོ་སྒྲིག་ཞུས་པའི་ཐོག་སློབ་ཕྲུག་ ༣༠ ལྷག་མཉམ་ཞུགས་གནང་ཡོད་པ་དང་། དེའི་ནང་ནས་རྩོམ་ཡིག་རྩེ་ཕུད་ལྔ་ལ་ལེགས་གསོལ་བྱ་དགའ་དང་། འགྲན་སྡུར་ནང་མཉམ་ཞུགས་གནང་མཁན་ཡོངས་ལ་ཐུགས་གསོའི་ལེགས་སྐྱེས་གནང་ཡོད། དེ་དང་དུས་མཉམ་བོད་ཀྱི་འགྲེམས་སྟོན་ཁང་གིས་འཕགས་བོད་ཀྱི་འབྲེལ་ལམ་སྐོར་དཔར་རིས་འགྲེམས་སྟོན་དང་། བོད་དོན་དང་འབྲེལ་བའི་དཔེ་དེབ་བགོ་འགྲེམས་ཀྱིས་བོད་དོན་གོ་རྟོགས་སྤེལ་ཡོད་པ་བཅས།།