༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༡༠ ཚེས་ ༡༡ ཉིན་བྷེལ་ཇམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་ཝ་ཊར་མེལ་(Watermael-Boitsfort)གྲོང་སྡེའི་སྤྱི་ཁྱབ་སྐུ་ཞབས་ཨོ་ལི་ཝར་ཊི་ལི་ཛེ་(Olivier Deleuze)ལགས་དང་མཇལ་འཕྲད་ཀྱིས་བོད་དོན་སྐོར་མཇལ་མོལ་གནང་ཡོད་པ་རེད།
དེ་ཡང་མཇལ་མོལ་སྐབས་སྐུ་ཚབ་དོན་གཅོད་རིག་འཛིན་ཆོས་སྒྲོན་ལགས་ནས་གྲོང་སྡེའི་སྤྱི་ཁྱབ་མཆོག་ནས་བོད་མིའི་རང་དབང་སྒེར་ལངས་ཉིན་བོད་དང་བོད་མིར་རྒྱབ་སྐྱོར་མཚོན་ཆེད་གྲོང་སྡེའི་ཚོགས་ཁང་སྟེང་དུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་བཞིན་པར་ཐུགས་རྗེ་ལེགས་འབུལ་ཞུས་པ་དང་སྦྲགས། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་། ཡང་སྒོས་རྒྱ་ནག་གཞུང་གིས་ལག་བསྟར་བྱེད་བཞིན་པའི་རྒྱ་སྒྱུར་སྲིད་བྱུས་འོག་བོད་ཀྱི་ཆོས་དང་རིག་གཞུང་ངོ་བོ་བཅས་པ་རྩ་མེད་གཏོང་བྱུས་བྱེད་པ་དང་། ལྷག་པར་དུ་མི་སེར་སྤེལ་ཡུལ་གཏན་འཇགས་སློབ་གྲྭ་ཁག་ཏུ་བོད་ཕྲུག་བཙན་འཇུག་གིས་དམར་ཤོག་གི་ལྟ་བ་སློབ་སྤེལ་བྱེད་བཞིན་པ། དེ་བཞིན་ཉེ་ལམ་ལག་བསྟར་བྱེད་འགོ་བཙུགས་པའི་བཀའ་ཁྱབ་ཨང་ ༡༩ ཞེས་པ་བརྒྱུད་བོད་མིའི་ཆོས་དད་རང་དབང་ལ་དམ་བསྒྲགས་ཇེ་ཆེར་གཏོང་བཞིན་པའི་གནས་སྟངས་སྙན་སེང་ཞུས་ཡོད།
གཞན་ཡང་ཁོང་གཉིས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་སྔོན་བྷེལ་ཇམ་དུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་པའི་གནས་ཚུལ་དྲན་གསོ་དང་། བོད་ནང་གི་ཁོར་ཡུག་གཏོར་སྐྱོན་སོགས་ཀྱི་སྐོར་གྲོས་མོལ་གནང་རྗེས་གྲོང་སྡེའི་སྤྱི་ཁྱབ་མཆོག་ནས་ཛ་དྲག་གནད་དོན་དེ་རིགས་ལ་ཐུགས་འཚབ་བསྟན་གནང་བ་མ་ཟད་བོད་དོན་ལ་རྒྱབ་སྐྱོར་མུ་མཐུད་གནང་རྒྱུའི་ཞལ་བཞེས་གནང་ཡོད་པ་རེད།
སྐབས་དེར་སྐུ་ཚབ་དོན་གཅོད་རིག་འཛིན་ཆོས་སྒྲོན་ལགས་ནས་གྲོང་སྡེའི་སྤྱི་ཁྱབ་མཆོག་ལ་ཐུགས་རྗེ་ལེགས་འབུལ་མཚོན་ཆེད་བྷེལ་ཇམ་དོན་ཁང་ནས་དཔར་སྐྲུན་ཞུས་པའི་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དང་འབྲེལ་བའི་དཔེ་དེབ་ཅིག་དང་དཔེ་དེབ་གཞན་ཞིག་བཅས་ཕུལ་ཡོད།
སྐུ་ཞབས་ཨོ་ལི་ཝར་ཊི་ལི་ཛེ་ལགས་ནི་བྷེལ་ཇམ་གཞུང་གི་ནུས་ཤུགས་བློན་ཆེན་ཟུར་པ་དང་། བྷེལ་ཇམ་གྱི་ཁོར་ཡུག་སྲིད་དོན་ཚོགས་པ་ཨི་ཀོ་ལོ་(Ecolo)གསར་འཛུགས་གནང་མཁན་ཡིན་ཞིང་། ཕྱི་ལོ་ ༢༠༡༢ ནས་བཟུང་ཁོང་གིས་གྲོང་སྡེའི་སྤྱི་ཁྱབ་ཀྱི་ཐུགས་འགན་བཞེས་བཞིན་ཡོད་པ་བཅས།།