༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༡༠ ཚེས་ ༠༢ ཉིན་རྒྱ་གར་གཙོས་པའི་འཛམ་གླིང་ཡུལ་གྲུ་མང་པོར་བདག་ཉིད་ཆེན་པོ་གཱཾདྡྷཱིའི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུ་གི་ཡོད་པ་ལྟར་བོད་མིའི་སྒྲིག་འཛུགས་ངོས་ནས་ཀྱང་རྒྱ་གར་གྱི་མེས་པོ་དམ་པ་གཱཾདྡྷཱི་མཆོག་ལ་མངོན་བསྟོད་གུས་བརྩི་མཚོན་ཆེད་གངས་སྐྱིད་སྲི་ཟློག་མཆོད་རྟེན་མདུན་དུ་དམ་པ་ཁོང་གི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་རེད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩:༣༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཤོངས་ཀྱི་སྲི་ཟློག་མཆོད་རྟེན་མདུན་དུ་དཔལ་ལྡན་སྲིད་ཚབ་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་བསྟན་འཛིན་ལུང་རྟོགས་མཆོག བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག དབུས་འོས་བསྡུ་ལས་ཁུངས་དང་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་དཔེ་ཟུར་དབང་འདུས་ཚེ་རིང་མཆོག བོད་མི་མང་སྤྱི་འཐུས་ཚེ་རིང་དབྱངས་ཅན་ལགས། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་གཙོས་པའི་དྲུང་ལས་ཡན་གྱི་སྲི་ཞུའི་ལས་བྱེད་རྣམ་པ། གསར་འགོད་པ་བཅས་ཚང་འཛོམས་ཐོག་མཛད་གཙོ་རྣམ་པས་བདག་ཉིད་ཆེན་པོ་གཱཾདྡྷཱིའི་སྐུ་པར་ལ་གུས་བཀུར་མེ་ཏོག་སྒྲོན་འབུལ་གནང་སྟེ་མཛད་སྒོ་དབུ་འཛུགས་ཞུས་ཡོད། དེ་རྗེས་དཔལ་ལྡན་སྲིད་ཚབ་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་གསར་འགོད་པའི་བཅར་འདྲིར་དང་ལེན་གྱིས་བདག་ཉིད་ཆེན་པོ་གཱཾདྡྷཱིའི་ལྟ་གྲུབ་དེ་དམིགས་བསལ་ཅན་ཞིག་ཡིན་པ་དང་། དེར་བརྟེན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཕྱི་ལོ་ ༢༠༠༧ ནས་བཟུང་བདག་ཉིད་ཆེན་པོ་གཱཾདྡྷཱིའི་འཁྲུངས་སྐར་དེ་བཞིན་འཛམ་གླིང་ཞི་བདེའི་ཉིན་མོར་སྲུང་བརྩི་ཞུ་འགོ་བཙུགས་ཡོད། གཱཾདྡྷཱིའི་སྐུ་ཚེའི་རིང་ལ་འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པ་བྱུང་བའི་སྐབས་འཁེལ་ཞིང་། སྐབས་དེའི་མི་ཚོས་སྟོབས་ཤུགས་དང་དམག་གིས་རྒྱལ་ཁབ་བཙན་འཛུལ་དང་རྒྱལ་ཁ་འཐོབ་རྒྱུ་མ་གཏོགས་དྲན་ཤེས་ཀྱི་མེད་པ་ལྟ་བུ་ཆགས་ཡོད། འོན་ཀྱང་དེའི་སྐབས་བདག་ཉིད་ཆེན་པོ་གཱཾདྡྷཱི་མཆོག་གིས་བདེན་པ་དང་། འཚེ་བ་མེད་པའི་ལྟ་གྲུབ་ཅིག་བསྟན་པ་དེ་ཧ་ལས་པ་རེད། ད་ཆ་ལོ་མང་ཕྱིན་ཟིན་ནའང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོས་བདག་ཉིད་ཆེན་པོ་གཱཾདྡྷཱིའི་ལྟ་གྲུབ་ལ་བསྔགས་བརྗོད་དང་རྗེས་སུ་ཡི་རངས་གནང་བཞིན་ང་ཚོར་དུས་དང་དུས་སུ་བཀའ་སློབ་གནང་གི་ཡོད།
ང་ཚོ་བོད་མི་ལའང་འདི་སེམས་ཤུགས་མ་ཆག་པའི་རྒྱུ་ཞིག་ཡིན། ང་ཚོའི་འཐབ་རྩོད་དེ་ལོ་ངོ་དྲུག་བཅུ་ལྷག་ཕྱིན་ཟིན་པས་ད་ཡོང་རྒྱུ་མེད་པ་ཞིག་རེད་དྲན་སྲིད། འོན་ཀྱང་བོད་ནང་གི་བོད་མིའི་སེམས་ཤུགས་མུ་མཐུད་གནས་ཡོད། གང་ལྟར་བདེན་པ་ལ་རྒྱལ་ཁ་ཐོབ་ངེས་པ་རེད། བདག་ཉིད་ཆེན་པོ་གཱཾདྡྷཱི་ཡིས་བདེན་པ་དང་བདེན་པའི་ཨུ་ཚུགས་ཀྱི་ལག་ཆ་བེད་སྤྱོད་བཏང་ནས་རྒྱ་གར་ལ་རང་བཙན་ཐོབ་པ་རེད། ང་ཚོ་བོད་མི་ཚོར་གཞན་ལ་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡོད། སོ་སོའི་ལུང་པ་ལ་བརྩེ་བ་དང་སེམས་ཤུགས་ཡོད་ན་སེམས་ཤུགས་ནམ་ཡང་ཆག་རྒྱུ་མེད། ང་ཚོར་གྲུབ་འབྲས་མ་ཐོན་པ་རྩ་བ་ཉིད་ནས་ཡོང་གི་མ་རེད་བསམ་གྱི་འདུག་ཅེས་དང་། གཞན་ཡང་གསར་འགོད་པས་རྒྱ་ནག་གཞུང་ངོས་ནས་གཱཾདྡྷཱིའི་ལྟ་གྲུབ་ནས་བློ་སྐྱེད་ལེན་དགོས་པ་གང་ཡོད་མིན་བཀའ་དྲི་ཞུས་པར། རྒྱ་ནག་མི་མང་སྤྱི་ཡོངས་ནས་ནང་ཆོས་ལ་དད་པ་དང་ཡིད་ཆེས་ཤུགས་ཆེ་རུ་འགྲོ་བཞིན་ཡོད། དམར་ཤོག་གཞུང་གི་མི་འགའ་ཤས་ཀྱི་ལྟ་བ་དེ་ནམ་ཞིག་འགྱུར་བ་འགྲོ་མིན་ང་ཚོས་བཤད་ཚོད་ཐིག་གི་མ་རེད། འོན་ཀྱང་ཏན་ཏན་ཉིན་ཞིག་འགྱུར་བ་ཐེབས་པའི་ཡིད་ཆེས་བྱེད་དགོས། གལ་ཆེ་ཤོས་དེ་ང་ཚོ་བོད་མི་རྣམས་རྡོག་རྩ་ཆིག་སྒྲིལ་དང་། གཞོན་སྐྱེས་རྣམས་ཀྱི་བསམ་བློ་གཏོང་སྟངས་དང་རང་གི་ལུང་པར་ཤ་ཞེན་དེ་གནས་དགོས་པ་ཡིན། དེའི་ཆེད་ང་ཚོས་གཞོན་སྐྱེས་གསོ་སྐྱོང་བྱ་རྒྱུ་ལ་གནད་འགག་ཆེན་པོ་འདུག ཅེས་སོགས་གསུངས་རྗེས་དེར་འདུས་མཛད་གཙོ་ཚོགས་བཅར་བ་རྣམས་ལ་བཀྲ་ཤིས་རྟེན་འབྲེལ་མཚོན་ཆེད་གསོལ་ཇ་དང་མངར་ཟས་འདེགས་འབུལ་ཞུས་ཡོད་པ་བཅས།།