༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༡༠ ཚེས་ ༢༦ ཉིན་སུད་སིའི་གྲོང་ཁྱེར་ཇི་ནི་ཝར་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་དང་སུད་སི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་གོ་སྒྲིག་འོག་ཇི་ནི་ཝ་བོད་དོན་གླེང་སྟེགས་ཐེངས་ལྔ་པ་དབུ་འཛུགས་གནང་ཡོད་པ་རེད།
དེ་ཡང་ཇི་ནི་ཝ་བོད་དོན་གླེང་སྟེགས་དབུ་འབྱེད་མཛད་སྒོར་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་ཕེབས་བཞུགས་ཀྱིས། ཇི་ནི་ཝ་བོད་དོན་གླེང་སྟེགས་ཀྱི་གལ་གནད་སྐོར་དང་འབྲེལ། གླེང་སྟེགས་འདིའི་བརྒྱུད་རྒྱ་ནག་གཞུང་གི་དབང་སྒྱུར་འོག་ཡོད་པའི་ས་ཁུལ་ཁག་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་གསལ་སྟོན་ཆེད་གལ་འགངས་ཆེན་པོ་ཡིན་སྐོར་གསུང་པ་མ་ཟད། ལྷག་པར་ཇི་ནི་ཝ་གླེང་སྟེགས་འདི་བཞིན་སུད་སིའི་གྲོང་ཁྱེར་ཇི་ནི་ཝར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་རྒྱ་ནག་ཐོག་དུས་བཀག་བསྐྱར་ཞིབ་གནང་གི་ཡོད་པ་དང་བསྟུན་གླེང་སྟེགས་འདི་གོ་སྒྲིག་གནང་བཞིན་ཡོད་སྐོར་གསུང་ཡོད་པ་རེད།
གཞན་ཡང་མཛད་སྒོའི་ཐོག་སུད་སི་གྲོས་ཚོགས་འཐུས་མི་སྐུ་ཞབས་ནི་ཀོ་ལ་སི་ཝལ་ཌར་ (Nicolas Walder) ལགས་དང་། ལི་ཐུ་ནི་ཡ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨ་རུ་ན་སི་ཝ་ལིན་སི་ཀ་སི་ (Arunas Valinskas) ལགས་རྣམ་གཉིས་ནས་བརྙན་ལམ་བརྒྱུད་གསུང་བཤད་གནང་ཡོད་པ་རེད།ཇི་ནི་ཝ་བོད་དོན་གླེང་སྟེགས་ཀྱི་དབུ་འབྱེད་མཛད་སྒོར་ཡུ་རོབ་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཨིན་ཡུལ་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས། སྦེལ་ཇམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས། ཕྱི་དྲིལ་དྲུང་འཕར་བསྟན་འཛིན་ལེགས་བཤད་ལགས་དང་དྲུང་འཕར་རྣམ་རྒྱལ་ཚེ་དབང་ལགས། གཏམ་བཤད་གནང་མཁན། བོད་དོན་རྒྱབ་སྐྱོར་བ། ས་གནས་ཀྱི་བོད་རིགས་ཚོགས་པའི་ལས་སྣེ་རྣམ་པ། ཡུ་རོབ་ཁུལ་གྱི་གཞོན་སྐྱེས་སོགས་ཚོགས་བཅར་བ་ཁྱོན་ ༨༠ ཙམ་ལྷན་ཞུགས་གནང་ཡོད་པ་རེད།སྤྱིར་དེ་རིང་ཕྱི་ཚེས་ ༢༦ དང་སང་ཉིན་ཕྱི་ཚེས་ ༢༧ ཉིན་གྲངས་གཉིས་ཀྱི་རིང་འཚོགས་བཞིན་པའི་ཇི་ནི་ཝ་བོད་དོན་གླེང་སྟེགས་ཐེངས་ལྔ་པའི་བརྗོད་གཞི་འདི་བཞིན། Human Rights Decline : Regions Under China ཞེས་རྒྱ་ནག་གཞུང་གི་དབང་སྒྱུར་འོག་ཡོད་པའི་ས་ཁུལ་ཁག་ཏུ་འགྲོ་བ་མིའི་ཐོབ་ཐང་ཉམས་རྒུད་དུ་འགྲོ་བཞིན་པའི་སྐོར་ཡིན་པ་དང་། གླེང་སྟེགས་ཀྱི་བརྗོད་གཞི་གཙོ་བོར་བཞི་ལ་འགོད་ཡོད་པ་རེད། དེ་ཡང་རྒྱ་ནག་གཞུང་གི་དབང་སྒྱུར་འོག་ཡོད་པའི་ས་ཁུལ་ཁག་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སྐོར་དང་། རྒྱ་ནག་གཞུང་གིས་མི་རིགས་སིམ་ཡལ་གྱི་སྲིད་བྱུས་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་ལ་དྲག་གནོན་སྐོར། བོད་གཙོས་པའི་རྒྱ་ནག་གཞུང་གི་དབང་སྒྱུར་འོག་ཡོད་པའི་ས་ཁུལ་ཁག་གི་ནང་འཛུགས་སྐྲུན་ཡར་རྒྱས་མིང་ཐོག་ནས་མི་སེར་སྤེལ་ཡུལ་གྱི་སྲིད་བྱུས་སྐོར། རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་དང་རྒྱལ་སྤྱིའི་སྤྱི་ཚོགས་ནང་ལྟ་སྲུང་བྱ་རའི་སྐོར་གླེང་གནང་གི་ཡོད་པ་རེད། །