༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༡༠ ཚེས་ ༠༥ ཉིན་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་ཨོསྟྲི་ཡཱ་དང། འཇར་མ་ནཱིའི་གྲོས་ཚོགས་འཐུས་མི་རྣམ་པ། དེ་བཞིན་ (Friedrich Naumann Foundation for Freedom South Asia) རོགས་ཚོགས་ཀྱི་ཚོགས་མི་རྣམ་པ་དང་མཇལ་མོལ་གནང་ཡོད།
དེ་ཡང་ཆུ་ཚོད་གཅིག་ཙམ་གྱི་མཇལ་མོལ་སྐབས་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་གྲོས་ཚོགས་འཐུས་མི་རྣམ་པར་བོད་ནང་གི་ཛ་དྲག་གནས་སྟངས་དང་། བོད་མིའི་སྒྲིག་འཛུགས་ཀྱི་ད་ཡོད་གནས་བབ། བོད་དང་རྒྱལ་སྤྱིའི་འབྲེལ་ལམ། བོད་མི་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་ནས་རེ་བ་གང་རྒྱག་གི་ཡོད་སྐོར་སོགས་ངོ་སྤྲོད་གནང་ཡོད། སྐབས་དེར་ཁོང་མོས་ད་ལྟ་བར་དུ་བོད་དོན་གསོན་པོར་གནས་པ་ནི་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བླ་ན་མེད་པའི་དབུ་ཁྲིད་ལམ་སྟོན་དང་། གཞིས་བཞུགས་བོད་མི་རྣམས་ཀྱི་སྙིང་སྟོབས། ཕྱི་རྒྱལ་རོགས་ཚོགས་ཁག་གི་རོགས་རམ་ལ་བརྟེན་ནས་བྱུང་ཡོད་པའི་སྐོར་འགྲེལ་བརྗོད་གནང་བ་མ་ཟད། གཞན་ཡང་ཁོང་མོས་རྒྱ་ནག་གཞུང་གིས་བོད་ནང་དྲག་པོ་སྲིད་བྱུས་བཟུང་སྟེ་བོད་མིའི་གཞི་རྩའི་རང་དབང་དང་། ཆོས་དད་རང་དབང་སོགས་རྡོག་རོལ་ཚབས་ཆེ་གཏོང་གི་ཡོད་པའི་ཁར། བོད་ཀྱི་ཆོས་དང་རིག་གཞུང་རྒྱ་ནག་ཅན་དུ་བསྒྱུར་ཐབས་སུ་མི་སེར་སྤེལ་ཡུལ་གཏན་འཇགས་སློབ་གྲྭ་ཁག་ཏུ་བོད་ཕྲུག་ས་ཡ་གཅིག་ལྷག་བཙན་འཇུག་གིས་ཆབ་སྲིད་ཀྱི་སློབ་གསོ་བརྒྱབ་སྟེ་ལྟ་བ་བསྒྱུར་གྱི་ཡོད་པ་ངོ་སྤྲོད་གནང་ཡོད་པ་རེད།
ཕྱོགས་མཚུངས་བཀའ་བློན་མཆོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དབུ་མའི་ལམ་གྱི་སྲིད་བྱུས་ངོ་སྤྲོད་དང་འབྲེལ་བོད་མིའི་སྒྲིག་འཛུགས་ངོས་ནས་རྒྱ་བོད་གཉིས་ཕན་དབུ་མའི་ལམ་བརྒྱུད་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་གནང་བཞིན་ཡོད་སྐོར་གསལ་བཤད་དང་། བོད་ཀྱི་འཐབ་རྩོད་ཆེད་རྒྱ་གར་གཞུང་དམངས་གཉིས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་སྟོང་ཕྲག་མང་པོར་སྐྱབས་བཅོལ་གནང་སྟེ་བོད་ཀྱི་རང་དབང་འཐབ་རྩོད་གསོན་གནས་དང་། བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཆེད་བཀའ་དྲིན་ཆེན་པོ་བསྐྱངས་ཡོད་པ་འགྲེལ་བརྗོད་གནང་། དེ་མཚུངས་ཁོང་མོས་ཨ་རི་དང་ཡུ་རོབ་རྒྱལ་ཁབ་ཁག་ནས་བོད་དོན་ཆེད་ཆབ་སྲིད་དང་དཔལ་འབྱོར་གྱི་རོགས་སྐྱོར་གང་ཐུབ་གནང་བཞིན་པར་བསྔགས་བརྗོད་དང་ཐུགས་རྗེ་ལེགས་འབུལ་ཞུས་པའི་ཐོག བོད་མིའི་སྒྲིག་འཛུགས་ངོས་ནས་རྒྱ་ནག་གི་མནར་གཅོད་འོག་སྡུག་སྦྱོང་མྱོང་མཁན་བོད་དང་། ཤར་ཏུར་ཀིསྟན། ལྷོ་སོག ཧོང་ཀོང་བཅས་ཀྱི་མཐུན་སྦྲེལ་ཚོགས་པ་ཞིག་འཛུགས་འཆར་ཡོད་པའི་སྐོར་གསལ་བཤད་གནང་ཡོད།
ཡུ་རོབ་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ཁོངས་སུ་ཨོསྟྲི་ཡཱའི་གྲོས་ཚོགས་འཐུས་མི་ཡན་ནིག་ཤེ་ཊི་ (Yannick Shetty) ལགས་དང་། ཊོ་ལོ་རེ་སི་བྷ་ཀོ་ (Dolores Bakos) ལགས། ཇར་མ་ནཱའི་གྲོས་ཚོགས་འཐུས་མི་ཊི་རིག་བྷར་ནར་ (Dirk Bergner) ལགས། རེ་གེ་ན་བྷར་གར་ (Regina Bergner) ལགས། ཀྲོར་སན་ཧབ་སི་ (Torsten Herbst) ལགས། སན་དྲ་ཝི་སར་( Sandra Weeser) ལགས། ཀི་རིས་ཊིན་ཨ་ཤ་བག་(Christine Aschenberg-Dugnus) ལགས། ཨོ་ལབ་ཨིན་ཊར་བེག་ (Olaf in der Beek) ལགས་བཅས་དང་། ཇར་མན་རོགས་ཚོགས་(Friedrich Naumann Foundation) གྱི་ལྷོ་ཨེ་ཤི་ཡའི་འགན་འཛིན་ཀལ་སི་ཊན་ཀི་ལིན་ (Dr. Carsten Klein) ལགས་གཙོས་པའི་འབྲེལ་ཡོད་ལས་བྱེད་རྣམ་པ་ལྷན་བཅར་ཞུས་ཡོད་ཅིང་། སྐབས་དེར་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་དང་། དྲིལ་བསྒྲགས་དྲུང་འཕར་རྣམ་རྒྱལ་ཚེ་དབང་ལགས་ཀྱང་ལྷན་ཞུགས་གནང་ཡོད་པ་བཅས།།