༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༡༠ ཚེས་ ༢༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནིའུ་ཡོག་ཏུ་འཚམས་གཟིགས་སུ་ཕེབས་ཏེ་ས་གནས་མི་མང་ལ་གསུང་བཤད་དང་། ཆོས་ཚོགས་ཁག་གི་ཚོགས་འདུར་གཙོ་བཞུགས་ཀྱིས་བོད་ཀྱི་ཆོས་རིག་རྒྱུན་འཛིན་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་ ༩༠ ཕེབས་པའི་གོ་སྟོན་གཟབ་རྒྱས་ངང་སྲུང་བརྩི་ཞུ་རྒྱུའི་སྐོར་གསལ་བསྒྲགས་གནང་ཡོད་པ་རེད།
དེ་ཡང་གོང་ཚེས་ཉིན་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་ཕུན་ཚོགས་སྡེ་བཞིའི་ཚོགས་ཁང་དུ་ས་གནས་བོད་མི་རྣམས་ལ་བཀའ་ཤག་སྐབས་བཅུ་དྲུག་པའི་ལས་དོན་གནང་ཕྱོགས་སྤྱི་དང་། ཡང་སྒོས་བཀའ་ཤག་ངོས་ནས་བོད་ཀྱི་མ་འོངས་འགན་སྲུང་ཞེས་པའི་ཕུགས་དམིགས་ཡིག་ཆ་འདོན་སྤེལ་གྱིས་བཀའ་ཤག་གིས་ཆབ་སྲིད་དང་། བོད་མིའི་བདེ་དོན། བོད་མིའི་སྒྲིག་འཛུགས་ཀྱི་ནུས་པ་གོང་སྤེལ་གཏོང་ཕྱོགས་དང་འབྲེལ་བའི་ལས་གཞི་ལས་འཆར་ཁག་གསལ་སྟོན་དང་། ལྷག་པར་ཆབ་སྲིད་ཐོག་ནས་དབུ་མའི་ལམ་གྱི་ཐབས་བྱུས་ལ་འགྱུར་བ་ཕྲན་བུ་བཏང་སྟེ་ལོ་རྒྱུས་ཐོག་ནས་བོད་རང་བཙན་ཡིན་པའི་གནས་བབ་རྒྱལ་སྤྱིའི་སྟེང་ངོས་འཛིན་ཐོབ་ཐབས་དང་། དེ་ལ་བརྟེན་ནས་དབུ་མའི་ལམ་གྱི་སྲིད་བྱུས་ལ་གདེང་འཇོག་ཡོང་ཐབས་སུ་འབད་རྩོལ་དང་ཞུ་གཏུག་མུ་མཐུད་གནང་དང་གནང་མུས་ཡིན་པ་འགྲེལ་བརྗོད་གནང་ཡོད།
དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ནན་སི་པི་ལོ་སི་མཆོག་གཙོས་པའི་གྲོས་ཚོགས་འཐུས་མི་དང་གནད་ཡོད་མི་སྣ་ཁག་དང་མཇལ་འཕྲད་ཞུས་ཏེ་ཨ་རིའི་གྲོས་ཚོགས་ནས་ལོ་རྒྱུས་ཐོག་བོད་རང་བཙན་ཡིན་པའི་གནས་བབ་དང་། བོད་རྒྱའི་དཀའ་རྙོག་དེ་ད་ལྟ་བསལ་མེད་པའི་རྒྱལ་སྤྱིའི་དཀའ་རྙོག་ཅིག་ཡིན་པར་ངོས་འཛིན་གྱི་ཁྲིམས་འཆར་གཏན་འབེབས་ཡོང་ཐབས་སུ་ཞུ་སྐུལ་འཐུས་ཚང་གནང་སྐོར་ངོ་སྤྲོད་གནང་རྗེས་མི་མང་ཁག་ཅིག་གི་དོགས་དྲིར་ལན་འདེབས་གསལ་བཤད་གནང་ཡོད་པ་རེད། མི་མང་ལ་གསུང་བཤད་གྲུབ་མཚམས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ནིའུ་ཡོག་དང་ནིའུ་ཇར་སིར་གནས་འཁོད་བོད་བརྒྱུད་ནང་བསྟན་ཆོས་ཚོགས་ཁག་གི་ཚོགས་འདུར་གཙོ་བཞུགས་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་དག་པའི་དགོངས་བཞེད་རྣམས་གྲུབ་ཐབས་ཇི་དགེའི་ཐད་བཀའ་མོལ་གྲོས་སྡུར་གནང་ཡོད། སྐབས་དེར་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་ནག་གཞུང་གིས་ལོ་ངོ་ཉི་ཤུའི་སྔོན་ཙམ་ལ་བཀའ་ཁྱབ་ཨང་ལྔ་པ་ཞེས་པ་གཏན་འབེབས་ཀྱིས་བོད་ཀྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གནང་ཕྱོགས་ཀྱི་རྩ་འཛིན་སྲིད་བྱུས་བཟུང་སྟེ་དེ་ཉིད་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་བཏང་དང་གཏོང་བཞིན་པ་ལྟར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ངོས་འཛིན་གནང་ཕྱོགས་ལའང་ཐེ་བྱུས་བྱ་རྒྱུར་གྲ་སྒྲིག་བྱས་ཏེ་བསྡད་ཡོད་སྐོར་གསལ་བཤད་གནང་བ་དང་ཆབས་ཅིག ང་ཚོའི་ལག་ཏུ་ད་ལྟ་བར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་དང་འབྲེལ་བའི་ཡིག་ཆ་ཡོད་པ་དེ་ཕྱི་ལོ་ ༢༠༡༡ ཟླ་བ་ ༠༩ ནང་བཞག་པའི་ཡིག་ཆ་དེ་ཡིན་པ་དང་། ཡིག་ཆ་དེའི་ནང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་ ༩༠ ཕེབས་པའི་སྐབས་བཀའ་སྡུར་གནང་སྟེ་ཐུགས་ཐག་གཅད་རྒྱུ་ཡིན་པ་གསུངས་ཡོད།
ད་ཆ་དགུང་ལོ་ ༩༠ ཕེབས་པར་ལོ་གཅིག་དང་ཕྱེད་ཀ་ལྷག་ཙམ་ལས་མེད་པས་བཀའ་ཤག་ངོས་ནས་སྔ་ལོའི་ཕྱི་ཟླ་ ༡༠ ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་དང་འབྲེལ་བའི་དོན་ཚན་དྲུག་ཅན་གྱི་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དང་། དེའི་ནང་གཙོ་བོ་མགོན་པོ་གང་ཉིད་མཆོག་དགུང་ལོ་ ༡༡༣ བར་བཞུགས་རྒྱུའི་བཀའ་བཞེས་བཟང་པོ་སྩལ་ཡོད་པས་སྐབས་བཅུ་དྲུག་པའི་སྐབས་སུ་གནས་སྟངས་དེ་ལྟ་བུའི་ཞིག་ཡོང་གི་ཡོད་པ་མཐོང་གི་མེད། དེ་ནི་མ་འོངས་པར་ལོ་ངོ་བཅུ་ཕྲག་གཉིས་ཀྱི་རྗེས་ཀྱི་གནས་སྟངས་ལ་དཔག་པའི་སྲིད་གཞུང་ཞིག་གི་ངོས་ནས་གྲ་སྒྲིག་བྱེད་སྟངས་ཤིག་ཡོད་པ་བཞིན། ང་ཚོ་སྲིད་གཞུང་ཞིག་ཡིན་པའི་ངོ་བོའི་ཐོག་ནས་ང་ཚོའི་འགན་ཁུར་དགོས་པ་ཁག་ཁུར་ཏེ། དེ་འབྲེལ་ཚོགས་ཆུང་བསྐོ་འཛུགས་དང་། འགྲོ་ལུགས་འགྲོ་སྟངས་བཟོ་རྒྱུའི་ཐོག་འབད་རྩོལ་བྱས་དང་བྱེད་མུས་ཡིན་ཞེས་སོགས་གསུངས་ཡོད། དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཕྱི་ལོ་ ༢༠༢༥ ཟླ་བ་ ༠༧ ཚེས་ ༠༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་ ༩༠ ཕེབས་པའི་གོ་སྟོན་དང་སྟབས་བསྟུན་ཏེ་རྡ་རམ་ས་ལར་གཞི་རྒྱ་ཆེ་བའི་ལས་རིམ་སྤེལ་རྒྱུའི་འཆར་གཞི་ཡོད་པ་དང་། དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་དགོངས་ཚུལ་བཏོན་པ་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་ ༩༠ ཕེབས་པའི་ལོ་དེ་ཞི་བདེའི་ལོ་ཞེས་སྲུང་བརྩི་ཞུས་ཐོག་མགོན་པོ་གང་ཉིད་མཆོག་གི་མཛད་པ་འཕྲིན་ལས་དང་། དགོངས་བཞེད་རྣམས་ཁྱབ་སྤེལ་གཏོང་རྒྱུའི་འཆར་གཞི་ཡོད་སྐོར་གསལ་བཤད་གནང་བ་དང་འབྲེལ། བོད་བརྒྱུད་ནང་བསྟན་གྱི་ཆོས་ཚོགས་ཁག་ཐེ་བའི་ནང་པ་ཚོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་སྐོར་ཐུགས་ཐག་གཅད་རྒྱུའི་སྐུ་དབང་མགོན་པོ་གང་ཉིད་མཆོག་ཁོ་ནར་ཡོད་སྐོར་གསལ་བའི་གྲོས་ཆོད་བཞག་ཐུབ་པ་བྱུང་ན། མ་འོངས་པར་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་པ་རྣམས་ཀྱི་༸རྒྱལ་བའི་ཡང་སྲིད་དང་འབྲེལ་བའི་སྐོར་བསམ་ཚུལ་ལངས་ཕྱོགས་གཅིག་མཚུངས་ཡིན་པ་སྒྲུབ་པར་ཐུགས་ཕན་གསོས་ངེས་ཡིན་པ་གསུངས་ཡོད།ཐེངས་འདིའི་ཆོས་ཚོགས་ཀྱི་ཚོགས་འདུའི་ཐོག་ཨ་རིའི་ཞྭ་དཀར་བོན་གཤེན་གླིང་དང་། ཨི་ཏི་ཁ་རྣམ་རྒྱལ་གྲྭ་ཚང་ནང་ཆོས་སློབ་གཉེར་ཁང་། ཨ་རི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཚོགས་པ། ཟླ་སྣང་ཐེབས་རྩ་ཁང་། སེར་བྱེས་ནང་པའི་རིག་གཞུང་བསྟི་གནས་ཁང་། དཔལ་སྤུངས་ཐུབ་བསྟན་ཆོས་གླིང་། དཔལ་རྒྱལ་བ་ཇོ་ནང་པ་ཕུན་ཚོགས་རྡོ་རྗེ་གླིང་། བཀྲ་ཤིས་དགེ་འཕེལ་གླིང་། ཝོལ་ལྡན་ས་སྐྱ་རྩེ་ཆེན་ཀུན་ཁྱབ་གླིང་། ནིའུ་འཇར་སི་ཀརྨ་ཐེག་གསུམ་ཆོས་གླིང་། བཀྲ་ཤིས་ལྷུན་པོ། ཆོས་འཕེལ་གླིང་། འབྲུག་པ་བཀའ་བརྒྱུད་ཆོས་ཚོགས། ནིའུ་ཡོག་གནས་ཆུང་ཆོས་ཚོགས། སེར་སྨད། ཞི་བདེ་ཀུབ་ཁྱབ་གླིང་། སྒྲོལ་ཆོག་ཚོགས་པ། ས་སྐྱ་རྩེ་ཆེན་ཚོགས་པ། དགའ་ཤར། འབྲས་བློ་གླིང་། བྱང་ཨ་རི་ཀརྨ་པ་སྲི་ཞུ་ཚོགས་པ། བཀྲ་ཤིས་ལྷུན་པོའི་པཎ་ཆེན་ཨེར་ཏེ་ཞབས་ཞུ་ལས་དོན་ལྟེ་གནས་ཁང་བཅས་ནིའུ་ཡོག་དང་ནིའུ་འཇར་སི་ཁུལ་གྱི་རིས་མེད་ཆོས་ཚོགས་སམ་དགོན་པ་ཁག་གི་ལས་སྣེ་དང་སྐུ་ཚབ་མི་གྲངས་ ༣༠ ཙམ་མཉམ་ཞུགས་གནང་ཡོད།
དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཐའི་ཝན་བསྟི་གནས་ཁང་དུ་རྒྱ་རིགས་དང་བོད་མི་གཞོན་སྐྱེས་ཁག་ཅིག་དང་ཐུག་འཕྲད་གནང་སྟེ་བོད་རྒྱའི་དཀའ་རྙོག་དང་། བོད་མིའི་སྒྲིག་འཛུགས་ནས་དབུ་མའི་ལམ་གཞི་ལ་བཞག་པའི་འཚེ་བ་མེད་པའི་སྲིད་བྱུས་ལག་བསྟར་བྱེད་ཚུལ་སོགས་ཀྱི་སྐོར་འགྲེལ་བརྗོད་གནང་གྲུབ་པའི་རྗེས། དཔལ་ལྡན་སྲིད་སྐྱོང་མཆོག་དང་། སྐུ་ཚབ་དོན་གཅོད། བོད་རིགས་འབྲེལ་མཐུད་པ་བཅས་ཀྱིས་དེང་སྐབས་སྨན་བཅོས་གནང་བཞིན་པའི་སེར་བྱེས་ནང་པའི་རིག་གཞུང་བསྟི་གནས་ཁང་གི་དབུ་འཛིན་དཔའ་རི་རིན་པོ་ཆེ་སྐུ་མདུན་དུ་བཅར་ནས་སྙུན་བསུས་འཚམས་འདྲི་གནང་ཡོད་པ་རེད། །