༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༡༠ ཚེས་ ༡༣ ཉིན་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨལ་བྷུ་ཀར་ཁིའི་ (Albuquerque) གནམ་ཐང་དུ་ཕེབས་འབྱོར་སྐབས་ཨལ་བྷུ་ཀར་ཁི་དང་། སན་ཏ་ཕེ་བོད་རིགས་ཚོགས་པའི་ཚོགས་གཙོ་དང་རྒྱུན་ལས། གཞན་ཡང་ས་གནས་བོད་རིགས་མི་མང་བཅས་ནས་ཕེབས་བསུའི་སྣེ་ལེན་ཞུས་གནང་ཡོད། ཕྱི་དྲོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་མི་མང་ལ་གསུང་བཤད་གནང་ཡོད།
ཕྱི་ཚེས་ ༡༤ ཉིན་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨེཊ་ལན་ཊར་ཕེབས་འབྱོར་སྐབས་ཨེཊ་ལན་ཊར་རྟེན་གཞི་བྱས་པའི་འབྲས་སྤུངས་བློ་གསལ་གླིང་ཚོས་ཚོགས་ཀྱི་སྐུ་ཚབ་དང་། ཨེཊ་ལན་ཊ་ས་གནས་བོད་རིགས་སྤྱི་འཐུན་ཚོགས་པའི་ཚོགས་གཙོ་དང་རྒྱུན་ལས་གཙོས་པའི་ས་གནས་མི་མང་ནས་ཕེབས་བསུའི་སྣེ་ལེན་ཞུས་ཡོད། ཕྱི་དྲོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཨེཊ་ལན་ཊར་རྟེན་གཞི་བྱས་པའི་འབྲས་སྤུངས་བློ་གསལ་གླིང་ཆོས་ཚོགས་སུ་མཆོད་མཇལ་དང་། ས་གནས་བོད་མི་རྣམས་ལ་སྐབས་ ༡༦ བཀའ་ཤག་གི་སྲིད་བྱུས་ལངས་ཕྱོགས་སྐོར་འགྲེལ་བརྗོད་གནང་སྐབས་བོད་ནང་གི་ཛ་དྲག་གནས་སྟངས་ཉིན་རེ་བཞིན་ཆེ་རུ་འགྲོ་བཞིན་པ་དང་། བཙན་བྱོལ་བོད་མི་རྣམས་ཀྱིས་མཐུན་ལམ་ཟོང་ཁ་གཅིག་སྒྲིལ་ཐོག་ནས་བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ་ཐོག་ཧུར་སྐྱེད་དགོས་གལ་བཅས་ཀྱི་ཐོག་གསུང་བཤད་དང་དྲི་བ་དྲིས་ལན་གནང་ཡོད།
དེ་རྗེས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨེཊ་ལན་ཊ་ནས་ཕེབས་ཐོན་གྱིས་ཤར་ལོཊ་ལྦིལ་ (Charlottesville, Virginia) གནམ་ཐང་དུ་ས་གནས་ཀྱི་ཆོས་ཚོགས་ཀྱི་སྐུ་ཚབ། བོད་རིགས་སྤྱི་འཐུན་ཚོགས་པའི་ཚོགས་གཙོ་དང་རྒྱུན་ལས་གཙོས་པའི་ས་གནས་མི་མང་ནས་ཕེབས་བསུའི་སྣེ་ལེན་ཞུས་ཡོད། ཕྱི་དྲོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ ཤར་ལོཊ་ལྦིལ་གནས་སྡོད་བོད་རིགས་གཞོན་སྐྱེས་རྣམས་དང་མང་ཚོགས་རྣམས་ལ་གསུང་བཤད་དང་དྲི་བ་དྲིས་ལན་གནང་ཡོད། དཔལ་ལྡན་སྲིད་སྐྱོང་མཆོག་དང་ལྷན་སྐུ་ཚབ་དོན་ཁང་གི་བོད་རིགས་འབྲེལ་མཐུད་པ་དྲུང་ཟུར་ཀུན་དགའ་བཀྲ་ཤིས་ལགས་ལྷན་བཅར་ཞུས་ཡོད་པ་བཅས།།