༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཕྱི་ལོ་ ༢༠༢༣ ཟླ་བ་ ༡༠ ཚེས་ ༠༥ ནས་ལྷོ་བྱང་ཨ་རིའི་གཞུང་འབྲེལ་ཕྱོགས་ཕེབས་དབུ་འཛུགས་ཀྱིས་ས་གནས་ཀྱི་གྲོས་ཚོགས་འཐུས་མི་དང་། གཞུང་འཛིན་མི་སྣ། བསམ་མཛོད་བསྟི་གནས་ཁང་། བོད་དོན་རྒྱབ་སྐྱོར་བ་སོགས་དང་མཇལ་མོལ་གྱིས་བོད་དོན་དྲིལ་བསྒྲགས་དང་ཞུ་གཏུག་མུ་མཐུད་གནང་མུས་ཡིན་པ་རེད། དེ་ཡང་ཕྱི་ལོ་ ༢༠༢༣ ཟླ་བ་ ༡༠ ཚེས་ ༠༥ ཉིན་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཀོ་ལམ་བི་ཡཱའི་བསམ་མཛོད་བསྟི་གནས་ཁང་ (Foundation Ideas for Peac), (Peace and Reconciliation Foundation), (Global Nation) བཅས་སུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་། དེའི་རྗེས་འབྲས། བོད་ཀྱི་ཆོས་དང་རིག་གཞུང་ངོ་བོ་བཅས་པ་རྒྱུན་འཛིན་གནང་ཕྱོགས་སྐོར་གསུང་བཤད་གནང་ཞིང་། དེ་རྗེས་ས་གནས་ཀྱི་གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་དང་མཇལ་མོལ་དང། བོད་ཀྱི་འབོད་སྒྲ་ (Encounter of Voices of Tibet) ཞེས་པའི་བརྗོད་གཞིའི་ཐོག་བོད་ནང་གི་བོད་མིའི་ཞུམ་པ་མེད་པའི་སྙིང་སྟོབས་དང་མངོན་འདོད་གསལ་སྐོར་གསུང་བཤད་གནང་རྗེས་ཀོ་ལོམ་བྷི་ཡ་ནང་གི་ཆོས་ལུགས་ཁག་གི་དབུ་ཁྲིད་ཉི་ཤུ་རྩ་དྲུག་ལྷན་མཇལ་འཕྲད་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ལུགས་མཐུན་འབྲེལ་གྱི་དགོངས་གཞིའི་སྐོར་ངོ་སྤྲོད་གནང་ཡོད། སྐབས་དེར་ཀོ་ལོམ་བྷི་ཡ་གཞུང་གི་ནང་སྲིད་བློན་ཆེན་མཆོག་དང་། བྷོ་གོ་ཊ་རྫོང་གི་ཆོས་ལུགས་རང་དབང་གི་འགན་འཛིན་མཆོག་ཀྱང་ལྷན་བཅར་ཞུས་ཡོད། གྲོལ་མོལ་སྐབས་རྒྱ་ནག་གི་དབང་སྒྱུར་འོག་གཉའ་གནོན་མྱོང་མཁན་ཚོར་གདུང་སེམས་མཉམ་སྐྱེས་དང་རྒྱབ་སྐྱོར་གནང་ཕྱོགས་སྐོར་བགྲོ་གླེང་ཞིབ་ལྷུག་གནང་། གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཀོ་ལམ་བི་ཡཱ་རྒྱལ་ཡོངས་གཙུག་ལག་སློབ་གཉེར་ཁང་དུ་བཙན་བྱོལ་དང་ཡུལ་གྱར་བ་ (Exiles and Displacements: Interdisciplinary Reflections) ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་བའི་སྐབས་བོད་མིའི་སྒྲིག་འཛུགས་དང་། བཙན་བྱོལ་ནང་གི་མང་གཙོའི་སྒྲིག་འཛུགས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་འཕྲིན་ལས་སོགས་ཀྱི་སྐོར་འགྲེལ་བརྗོད་གནང་ཡོད།
དེ་དང་ཆབས་ཅིག་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ས་གནས་ཀྱི་གསར་ཁང་(Caracol Radio La W) དང་། (El Spectador) སོགས་ཀྱི་བཅར་འདྲིར་དང་ལེན་གནང་སྟེ་བོད་མཐོ་སྒང་གི་གལ་གནད་སྐོར་འགྲེལ་བརྗོད་ཞིབ་ནན་གནང་རྗེས་ཕྱི་ཚེས་ ༠༦ ཉིན་ཡ་མན་ཊ་ཀ་ (Yamantaka Center) ཆོས་ཚོགས་ནས་ཕེབས་བསུ་སྣེ་ལེན་གནང་བ་དང་། ཕྱི་ཚེས་ ༠༧ སྔ་དྲོ་མེཀ་སི་ཀོར་ཕེབས་ཐོན་གནང་ཡོད།
དཔལ་ལྡན་སྲིད་སྐྱོང་མཆོག་གི་ཀོ་ལམ་བི་ཡཱ་ཁུལ་གྱི་གཞུང་འབྲེལ་ཕྱོགས་ཕེབས་འདི་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པ་བོད་ཀྱི་གྲོགས་པོ་ (Amigos del Tíbet ) ཞེས་པ་དང་། ཡ་མན་ཊ་ཀ་ (Yamantaka Center) ཆོས་ཚོགས་ཀྱིས་མཐུན་འགྱུར་གནང་ཡོད། དཔལ་ལྡན་སྲིད་སྐྱོང་ལྷན་དུ་ལྷོ་ཨ་རིའི་སྐུ་ཚབ་དོན་གཅོད་འཇིགས་མེད་ཚེ་རིང་ལགས་ལྷན་བཅར་ཞུས་ཡོད་པ་བཅས།།