༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༡༠ ཚེས་ ༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་བ་རཱ་ཛིལ་རྒྱལ་ས་སའོ་པོ་ལོའི་གནམ་ཐང་དུ་ཕེབས་འབྱོར་སྐབས་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་འཇིགས་མེད་ཚེ་རིང་ལགས་དང་། བ་རཱ་ཛིལ་བོད་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་དབུ་འཛིན་བླ་མ་རིན་ཆེན་ལགས། བོད་དོན་རྒྱབ་སྐྱོར་བ་ (Sandra Fernandes Erickson, Rangzen: Movimento Tibete Livre-Brasil) ལགས། བོད་ཁང་གི་ལས་བྱེད་ (Daniel Sermento) ལགས་བཅས་ནས་སྣེ་ལེན་གཟབ་རྒྱས་ཞུས་གནང་ཡོད།དེ་ཡང་བ་རཱ་ཛིལ་རྒྱལ་ས་སའོ་པོ་ལོ་རུ་ཕེབས་འབྱོར་རྗེས། (Longevidade Expo + Forum) ཞེས་པའི་ལྷན་ཚོགས་སུ་མཉམ་ཞུགས་གནང་བ་དང་། སྐབས་དེར་ལྷན་ཚོགས་ཀྱི་འགན་འཛིན་སྐུ་ཞབས་ (Walter Feldman) ལགས་དང་། ལྷན་ཚོགས་ཐོག་མར་དབུ་འཛུགས་གནང་མཁན་སྐུ་ཞབས་ (Francisco Santos) ལགས། དེ་བཞིན་ཚོགས་མི་ཁག་གཅིག་དང་ལྷན་མཇལ་མོལ་གནང་ཡོད།ཉིན་རྒྱབ་དཔལ་ལྡན་སྲིད་སྐྱོང་མཆོག་ནས་བ་རཱ་ཛིལ་བོད་ཁང་དུ་ཆེད་ཕེབས་ཀྱིས་བོད་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམས་དང་མཇལ་མོལ་གནང་རྗེས་དེ་གའི་གསར་ཁང་ (Indian Eye) ཞེས་པའི་བཅའ་འདྲིར་དང་ལེན་གནང་། དེ་ཉིན་དགོང་དྲོ་བོད་ཁང་ནས་གསོལ་སྟོན་གོ་སྒྲིག་ཞུས་ཡོད།
ཕྱི་ཚེས་ ༢ ཉིན་གྱི་སྔ་དྲོ་བ་རཱ་ཛིལ་སའོ་པོ་ལོའི་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་དང་། ཚོགས་གཞོན། དེ་བཞིན་གྲོས་ཚོགས་འཐུས་མི་གཞན་གཉིས་དང་ལྷན་གྲོས་ཚོགས་སུ་མཇལ་འཕྲད་གནང་ཡོད། དཔལ་ལྡན་སྲིད་སྐྱོང་མཆོག་གིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་དང་། བ་རཱ་ཛིལ་དབུས་དང་ས་གནས་གཞུང་ངོས་ནས་རྒྱ་ནག་གཞུང་གི་མ་འཛུགས་ལས་གཞིའི་ཐོག་དོགས་ཟོན་གནང་དགོས་སྐོར་གསུངས་འདུག
ཉིན་རྒྱབ་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སའོ་པོ་ལོའི་ས་གནས་གྲོང་ཁྱེར་གྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་དྲུང་ཆེ་ (Soninha Francine) ལགས་དང་། གནམ་གཤིས་འགྱུར་ལྡོག་གི་གནད་དོན་དང་འབྲེལ་བའི་དྲུང་ཆེ་ (Gilberto Natalini) ལགས་རྣམ་གཉིས་དང་ལྷན་གྲོང་སྡེ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ལས་ཁུངས་སུ་མཇལ་འཕྲད་གནང་ཡོད། ཕྱི་དྲོ་དཔལ་ལྡན་སྲིད་སྐྱོང་མཆོག་ནས་སའོ་པོ་ལོ་གཙུག་ལག་སློབ་གཉེར་ཁང་དུ་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་། བོད་མིའི་རིག་གཞུང་སོགས་དང་འབྲེལ་བའི་གནད་དོན་ཐོག་གསུང་བཤད་གནང་ཡོད་པ་བཅས། །