༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༡༠ ཚེས་ ༢༧ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ། སྐུ་ཞབས་མ་ཧིག་ ཇོན་སན་ (Mike Johnson) མཆོག་ཨ་རིའི་གྲོས་ཚོགས་འོག་མའི་སྐབས་ ༥༦ པའི་ཚོགས་གཙོར་གསར་དུ་བདམས་ཐོན་བྱུང་བར་དགའ་བསུའི་འཚམས་འདྲི་ཞུས་གནང་འདུག
དེ་ཡང་འཚམས་འཕྲིན་ནང་འཁོད་དོན། ཨ་རིའི་རྒྱལ་ཁབ་ནི་བོད་ཀྱི་བདེན་དོན་དང་། དེ་བཞིན་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་ངོ་བོ་སྲུང་སྐྱོབ་ཐོག་རྒྱབ་སྐྱོར་གནང་མཁན་ཐོག་མའི་གྲས་ཤིག་ཡིན། ད་བར་ཨ་རིའི་གཞུང་མང་གཉིས་ཀྱིས་བོད་ཀྱི་འཚེ་མེད་ཞི་བའི་འཐབ་རྩོད་ཐོག་རྒྱབ་སྐྱོར་དང་། བོད་མི་རྣམས་ལ་མཐུན་འགྱུར་གང་ཐུབ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ངས་སླར་ཡང་སྐུ་ཉིད་ལ་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་དང་། སྐུ་ཉིད་ཀྱི་ལས་ཡུན་རིང་མི་མང་གི་མངོན་འདོད་འགྲུབ་རྒྱུ་སོགས་མ་འོངས་པའི་ལས་དོན་མཐའ་དག་ལམ་ལྷོངས་དང་ལྡན་པ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་འཁོད་འདུག་པ་བཅས། །