༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༣ ཟླ་ ༡༠ པའི་ཚེས་ ༧ ཉིན་གྱི་སྔ་དྲོ་རྡ་ས་བོད་ཀྱི་ཟློས་གར་ཐང་ཆེན་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ཏེ་ལོ་ངོ་ཧྲིལ་པོ་ ༥༣ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་གནང་སོང་།སྐབས་དེའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་བོད་མི་མང་སྤྱི་འཐུས་རྒྱུན་ལས་དང་ཕྱོགས་བཞུགས་སྤྱི་འཐུས་ཁག་ཅིག དབུས་རྒྱུན་ཟུར་པ་རྣམ་པ། གཞན་སྐུ་མགྲོན་དུ་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གི་ལས་སྣེ་རྣམ་པ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་ས་གཉིས་ཀྱི་ཚོགས་གཙོ་གཙོས་པའི་རྒྱུན་ལས་རྣམ་པ། ས་གནས་མང་ཚོགས་བཅས་ཕེབས་འདུག
མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གཞོན་ལྷན་ཉིན་མོའི་མངར་ཟས་བཏུབ་གནང་རྗེས།བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས་མཛད་སྒོ་ངོ་སྤྲོད་དང་འབྲེལ་ཚོགས་པའི་གསུང་འཕྲིན་སྒྲོག་སྦྱངས་དང་། དེ་ནས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། ད་ལྟ་གོང་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོའི་གསུང་བཤད་རེད།
དེ་བཞིན་ཡོངས་ཁྱབ་གསུང་བཤད་བཅས་ཀྱི་ནང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཐོག་མར་དབུ་བརྙེས་པ་ནས་བཟུང་ད་ལྟའི་བར་ཕྱག་ལས་གནང་ཕྱོགས་ཀྱི་བརྒྱུད་རིམ་ཁག་གསལ་སྟོན་གནང་འདུག་པས། དེའི་ནང་ཚང་མ་ཚུད་བསྡད་པ་འདྲ་པོ་འདུག ང་རང་བཞུགས་སྒར་རྡ་སར་སླེབས་ནས་བོད་མིའི་སྒྲིག་འཛུགས་ཀྱི་ལས་སྣེའི་ནང་ད་བར་འགན་ཁུར་ཞུས་པའི་སྐབས་སུ། གཞོན་ནུ་ལྷན་ཚོགས་ཀྱི་ལས་དོན་གནང་ཕྱོགས་ཚུད་པའི་ང་ཚོའི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་གནས་སྟངས་ཁག་རྒྱུན་དུ་ནས་གསལ་པོ་མཐོང་གི་ཡོད་པ་རེད།ད་ཆ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ནས་ལོ་ངོ་ ༥༣ འགྲོ་ཡི་ཡོད་ཅིང་། སྤྱིར་བཏང་ལོ་ངོ་ ༥༣ ཟེར་དུས་ལོ་གྲངས་ཉུང་ཉུང་འདྲ་པོ་ཞིག་ཡིན་ཡང་། མི་གཅིག་གི་མི་ཚེའི་བརྒྱུད་རིམ་ལ་བལྟས་པ་ཡིན་ན། མི་ཚེའི་དུས་ཚོད་བཟང་ཤོས་དེ་རྫོགས་ཚར་བ་འདྲ་པོ་དང་། རིམ་པས་རྒས་ཡོལ་ཞུ་རྒྱུའི་མཚམས་ལ་སླེབས་ཏེ། སོ་སོའི་རྒྱུན་གཏན་གྱི་གནང་སྒོ་ཁག་ལས་རྒྱུ་ཙམ་མ་གཏོགས། དེ་ལས་གཞན་པའི་འཆར་སྣང་འདྲ་པོ་ཡོང་མ་ཐུབ་པའི་གནས་སྟངས་ཤིག་ཆགས་བསྡད་ཡོད་རེད། དེ་ཡིན་དུས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་སའི་རྒྱུན་ལས་རྣམ་པས་ཐོག་མར་གཞོན་ནུ་ལྷན་ཚོགས་དབུ་བཙུགས་པའི་དམིགས་ཡུལ་དང་། ལས་དོན་གནང་ཕྱོགས་ལ་ད་བར་འགྱུར་བ་མེད་པར་མུ་མཐུད་ནས་ལྷག་བསམ་རྣམ་དག་ཐོག་ཕྱོགས་ཡོངས་ནས་འགན་ཁུར་ཞུས་དང་ཞུ་བཞིན་པར་ཐོག་མར་བསྔགས་བརྗོད་ཞུ་རྒྱུ་ཡིན།རྩ་བའི་ང་ཚོ་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། དེ་བཞིན་སྒེར་སོ་སོའི་བསམ་བློ་ཚང་མ་གཅིག་གྱུར་ཡོང་རྒྱུའི་གནས་བབ་ཅིག་དེང་སང་གི་དུས་ཚོད་ལ་ཧ་ཅང་གི་ཁག་པོ་ཆགས་བསྡད་ཀྱི་ཡོད་པར་མ་ཟད། མང་གཙོའི་སྤྱི་ཚོགས་ནང་དེ་བས་ཀྱང་དཀའ་ལས་ཁག་པའི་གནས་སྟངས་ཤིག་ཆགས་བསྡད་ཡོད་རེད། ཡིན་ནའང་། ང་ཚོའི་ངོས་ནས་བསམ་བློ་བཏང་བ་ཡིན་ན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་དང་། མགོན་པོ་གང་ཉིད་ཀྱི་མཛད་འཕྲིན་བཅས་ལ་བརྟེན་ནས་ང་ཚོ་ཐོག་མར་རྒྱ་གར་ལ་སྐྱབས་བཅོལ་སླེབས་པའི་སྐབས་ཀྱི་གནས་སྟངས་དང་། ད་ལྟའི་གནས་སྟངས་གཉིས་དབར་བསྡུར་བ་ཡིན་ན་ཧ་ཅང་གི་འགྱུར་བ་ཆེན་པོ་ཕྱིན་ཡོད། འགྱུར་བ་དེ་ཚོའི་ནང་ནས། ང་རང་ཚོ་མི་གཅིག་གི་འཚོ་བའི་མདུན་ལམ་ཐོག་བསམ་བློ་བཏང་བ་ཡིན་ནའང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲིན་དང་འབྲེལ་བ་ཡོད་པ་གསལ་པོ་རེད། ང་ཚོ་མཚམས་རེ་སོ་སོ་རང་གིས་འཇོན་པའམ་སོ་སོའི་བྱས་རྗེས་ཡིན་པ་ལྟ་བུར་བརྩི་མཁན་ཡོད་མི་སྲིད་པ་རེད་མི་འདུག་པས། ང་ཚོས་རྒྱུན་དུ་ནས་མགོན་པོ་གང་ཉིད་དང་། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲིན་ཚོར་དགོས་པ་ཧ་ཅང་གི་གལ་ཆེན་པོ་རེད།
ང་ཚོ་བཙན་བྱོལ་ལ་གྱར་ནས་མི་ལོ་དྲུག་ཅུ་རེ་གསུམ་ལྷག་འགྲོ་ཡི་ཡོད་པ་དང་། གཞོན་ནུ་ལྷན་ཚོགས་ལྟ་བུར་མཚོན་པ་ཡིན་ན། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཤོས་དང་། ཚོགས་མི་མང་ཤོས། བོད་མིའི་ས་གནས་ཁག་ལ་ཁྱབ་ཆེ་ཤོས་ཀྱི་སྒྲིག་འཛུགས་ཤིག་ཆགས་བསྡད་ཀྱི་ཡོད་པར་མ་ཟད། ད་བར་ལོ་ངོ་ ༥༣ རིང་མུ་མཐུད་ནས་གནས་ཐུབ་པའི་གནས་བབ་ཅིག་ཆགས་ཡོད་པ་རེད། དེ་བཞིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལྟ་བུར་མཚོན་པ་ཡིན་ན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་དང་། བླང་དོར་ལམ་སྟོན་ལ་བརྟེན་ནས་མང་གཙོའི་ཆ་ལག་ཡོངས་སུ་ཚང་བའི་དེང་དུས་དང་མཐུན་པའི་ཐོག་ནས་འགན་ཁུར་ཞུས་དང་ཞུ་བཞིན་ཡོད་པ་རེད། བར་སྐབས་ང་ཚོའི་སྤྱི་ཚོགས་ཀྱི་གནས་བབ་ཐོག་ནས་དཀའ་ངལ་ཕྲན་བུ་ཡོང་གི་ཡོད་རེད།དེ་ཡང་གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་དབང་རྩིས་སྤྲོད་ཟིན་པའི་རྗེས་ལ། ང་ཚོའི་སྤྱི་ཚོགས་ཀྱི་བསམ་བློ་གཏོང་ཕྱོགས་ཀྱི་གནས་བབ་ཕྲན་བུ་འགྱུར་བ་ཕྱིན་ནས་ཕ་མས་ཕྲུ་གུ་སྐྱེད་བསྲིང་བྱེད་དགོས་པའི་གནས་བབ་ལྟ་བུ་སྐབས་རེ་ཡོང་བསྡད་ཀྱི་འདུག ཡིན་ནའང་། སྤྱི་ཡོངས་ནས་བལྟས་པ་ཡིན་ན། ད་ལྟའི་ཆར་གནས་བབ་ཡག་ཐག་ཆོད་དང་། ང་ཚོའི་གཅིག་སྒྲིལ་གྱི་ནུས་པ་དེ་གཏོར་བཤིག་འགྲོ་རྒྱུའི་གནས་བབ་རྩ་བ་ནས་མེད་པར་མ་ཟད། ང་ཚོའི་རྩ་དོན་ཐོག་ལའང་དེ་བས་འཐུས་ཤོར་དང་། དོ་ཕོག་ཕྱིན་མེད། ཡིན་ནའང་ང་ཚོའི་ངོས་ནས་སེམས་འཚབ་དང་། སེམས་ཁུར་བྱེད་དགོས་པ་དེ་ཚང་མའི་ལས་འགན་རེད་ལ། དེ་གལ་ཆེན་པོ་ཞིག་ཀྱང་ཆགས་བསྡད་ཀྱི་ཡོད།
དེ་ཡིན་དུས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་དང་། ང་ཚོ་བོད་རིགས་རྒན་གཞོན་བར་གསུམ་གྱི་བསམ་བློའི་འཁྱེར་སོ་རེད། དེ་ཚོའི་ཐོག་ལ་བལྟས་པ་ཡིན་ན། ༧གོང་ས་མཆོག་གིས་དུས་རྒྱུན་གསུང་པ་ལྟར། ང་ཚོ་བཙན་བྱོལ་བའི་སྒྲིག་འཛུགས་གཞན་དང་མ་འདྲ་བ་ཞིག་ཆགས་བསྡད་ཡོད་རེད། གཞི་རྩའི་རྒྱ་གར་ནང་ལོགས་ལ་སྐྱབས་བཅོལ་བ་རིགས་མང་པོ་ཡོད་པ་དང་། རྒྱལ་སྤྱིའི་ནང་ཆབ་སྲིད་ཀྱི་འཐབ་རྩོད་ཐོག་ལ་ཡུ་གུར་མཚོན་པའི་ཆབ་སྲིད་ཀྱི་འཐབ་རྩོད་བྱེད་མཁན་མི་རིགས་མང་པོ་ཡོད་པ་རེད། དེ་ཚོར་སྒྲིག་འཛུགས་དང་། མི་མང་ཡོད་ཀྱང་། ང་ཚོ་ནང་བཞིན་བྱུང་མ་ཐུབ་པའི་རྒྱུ་མཚན་གང་ཡིན་པ་དེའི་ཐོག་དགོངས་པ་བཞེས་དགོས་པ་དེ་ཡང་གལ་ཆེན་པོ་རེད་འདུག འདས་པའི་ལོ་བཅུ་ཕྲག་འགའ་ཤས་ནང་། ང་ཚོ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་རེད།
དེ་བཞིན་བོད་མིའི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་གནས་བབ་ཐོག་ནས། བོད་དོན་སྤྱི་དང་། ལྷག་པར་དུ་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་སྲུང་སྐྱོབ་བྱེད་སྟངས་དེ་ཚོ་ཧ་ལས་པའི་ཡག་པོ་རེད་བསམ་གྱི་འདུག དེ་བཞིན་དགོན་སྡེ་ཁག་དང་། ཆོས་ཕྱོགས་ཀྱི་བྱ་བ་དེ་ཚོ་ཧ་ལས་པ་རེད། སྤྱིར་བཏང་ལོ་ངོ་ ༦༣ ཟེར་དུས་གྲངས་ཀ་བརྩིས་པ་ཡིན་ན་ཉུང་ཉུང་རེད། འོན་ཀྱང་དེའི་ནང་ལོགས་ལ་བཙན་བྱོལ་བོད་མིའི་ཤེས་ཡོན་དང་། སྒྲིག་འཛུགས་ཀྱི་གནས་བབ་རེད། དེ་བཞིན་བོད་དོན་ཟེར་དུས་རྒྱལ་སྤྱིའི་སྤྱི་ཚོགས་ནང་དོ་སྣང་བྱ་སའི་གནས་བབ་ཅིག་བསྐྲུན་ཐུབ་པ་དེ་ཚོ་ཧ་ལས་པའི་གྲུབ་འབྲས་ཆེན་པོ་རེད། བོད་ནང་ལོགས་ལ་མཚོན་པ་ཡིན་ན། ནང་ཆོས་དར་ནས་ལོ་ངོ་སྟོང་ཕྲག་ལྷག་འགྲོ་ཡི་ཡོད་པ་དང་། བར་སྐབས་ཉམས་ཆག་བྱུང་ཡོད་ཀྱང་། ང་ཚོ་བཙན་བྱོལ་ནང་སླེབས་ནས་ལོ་ངོ་དྲུག་ཅུ་རེ་གསུམ་རིང་གི་གྲུབ་འབྲས་ལ་བལྟས་པ་ཡིན་ན། ཕལ་ཆེར་དེ་སྔ་དང་བསྡུར་ཐུབ་རྒྱུའི་གནས་བབ་ཅིག་བསྐྲུན་ཐུབ་ཡོད་རེད།
དེ་ཡང་གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གཙོས་ཆོས་བརྒྱུད་ཁག་གི་བླ་ཆེན་དབུ་ཁྲིད་རྣམ་པའི་མཛད་འཕྲིན་ལ་བརྟེན་ནས་བྱུང་བ་ཡིན་པ་གསལ་པོ་རེད། དེ་བཞིན་བོད་ཀྱི་རིག་གཞུང་དང་། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཐོག་དེ་ལྟར་གྲུབ་འབྲས་ཐོན་པ་བྱུང་ཡོད། ང་ཚོས་མུ་མཐུད་དེ་ཚོའི་གྲས་མི་ཉམས་རྒྱུན་འཛིན་དང་དར་སྤེལ་བྱེད་ཐུབ་དགོས་པ་དེ་གལ་ཆེན་པོ་རེད་འདུག དེ་དང་ཆབས་ཅིག་ང་ཚོས་རྒྱུན་དུ་ནས་དྲང་བདེན་དང་དངོས་ཡོད་གནས་ཚུལ་ལ་གཞི་བཅོལ་ནས་འགྲོ་དགོས་པ་དེ་གལ་ཆེན་པོ་རེད། གང་ཡིན་ཟེར་ན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ང་ཚོའི་འཐབ་རྩོད་འདི་བདེན་དོན་གྱི་འཐབ་རྩོད་ཅིག་ཡིན་པ་དང་། དེར་རྒྱབ་སྐྱོར་གནང་མཁན་ཚོ་བོད་ལ་ཕྱོགས་ཞེན་བྱས་ནས་རྒྱབ་སྐྱོར་བྱེད་པར་ངོས་འཛིན་བྱེད་ཀྱི་མེད་པ་དང་། བདེན་པའི་འཐབ་རྩོད་ཞིག་ཡིན་པར་ངོས་འཛིན་གྱིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་སྐོར་གསུངས་པ་ལྟར། ང་ཚོའི་སྤྱི་ཚོགས་དེ་ཡང་བདེན་དོན་དང་། དངོས་ཡོད་གནས་ཚུལ་ལ་གཞི་བཅོལ་དགོས་པ་ཧ་ཅང་གི་གལ་ཆེན་པོ་རེད་བསམ་གྱི་འདུག བདེན་པ་དང་། དངོས་ཡོད་གནས་ཚུལ་ལ་གཞི་བཅོལ་མ་ཐུབ་པའི་ཉིན་མ་ཞིག་སླེབས་པ་ནས་བཟུང་སྤྱི་ཚོགས་འདིར་ཉེན་ཁ་ཞིག་སླེབས་བསྡད་ཀྱི་ཡོད་པ་གསལ་པོ་ཞེ་པོ་རེད་འདུག
གཞོན་ནུ་ལྷན་ཚོགས་ལྟ་བུར་ཆ་བཞག་ན། ཚོགས་མི་མང་ཤོས་ཤིག་དང་ཁྱབ་ཆེ་ཤོས་ཤིག་ཆགས་བསྡད་ཀྱི་ཡོད་རེད། ས་གནས་ཁག་དང་། མཛད་སྒོ་ཁག་ལ་དངོས་ཡོད་གནས་ཚུལ་དང་། བདེན་པའི་དོན་ལ་ཇི་ཙམ་གོམ་པ་མདུན་སྤོས་བྱེད་ཐུབ་པ་ཡིན་ན། དེ་ཙམ་གྱིས་ང་ཚོའི་སྤྱི་ཚོགས་ཀྱི་གནས་བབ་ཚད་མཐོ་རུ་དང་། གཞན་གྱིས་གདེང་འཇོག་ཤུགས་ཆེ་རུ་ཡོང་གི་རེད། དེ་ཡིན་དུས་ང་ཚོའི་ངོས་ནས་བདེན་པའི་གནས་ཚུལ་དྲིལ་བསྒྲགས་དང་། ངོས་འཛིན་ཡོང་ཐབས་གནང་རྒྱུ་དེ་གལ་ཆེན་པོ་རེད་འདུག
གཞོན་ལྷན་དབུས་ས་གཉིས་ནས་ད་བར་ཕྱག་ལས་ཡག་ཐག་ཆོད་གནང་ཡོད་པ་དང་། ད་དུང་ཡིན་ནའང་སེམས་ཤུགས་མ་ཆག་པའི་ཐོག་ནས་མུ་མཐུད་དེ་བོད་ཀྱི་བདེན་པའི་འཐབ་རྩོད་ཐོག་མདུན་བསྐྱོད་བྱེད་ཐུབ་དགོས་པ་དང་། དེ་བཞིན་ང་ཚོས་རྒྱུན་དུ་བོད་ནང་གི་གནས་སྟངས་དེ་ཚོ་ཡིད་ལ་དྲན་པའི་ཐོག་ནས་གཞིས་ལུས་བོད་མིའི་མགྲིན་ཚབ་བྱས་ནས། རྒྱལ་སྤྱིའི་ནང་བོད་ནང་གི་དངོས་ཡོད་གནས་སྟངས་རྣམས་དྲིལ་བསྒྲགས་བྱེད་ཐུབ་དགོས་པ་དེ་གལ་ཆེན་པོ་རེད་འདུག དུས་རབས་བཅུ་དགུ་དང་། ཉི་ཤུའི་འགོ་སྟོད་དང་། ད་ལྟའི་དུས་རབས་དབར་འགྱུར་བ་ཤུགས་ཆེན་པོ་ཕྱིན་ཡོད། ད་ལྟའི་དུས་རབས་སུ་རྒྱལ་སྤྱིའི་ནང་ཆབ་སྲིད་དང་། དཔལ་འབྱོར། རིག་གཞུང་སོགས་འགྱུར་བ་འགྲོ་ཡི་ཡོད་དུས། དེ་ལ་ང་ཚོའི་ངོས་ནས་བསྟུན་དགོས་པའི་གནས་བབ་ཅིག་ཆགས་བསྡད་ཀྱི་ཡོད་རེད། དེ་ཡིན་དུས་ང་ཚོའི་ངོ་བོ་གང་ཡོད་པ་ཡིན་ནའང་། དེ་ཚོ་རྒྱལ་སྤྱིའི་ནང་མཉམ་དུ་གོམ་པ་མདུན་སྤོས་བྱེད་ཐུབ་དགོས་པ་གལ་ཆེན་པོ་རེད་འདུག
གཞི་རྩའི་རྩ་དོན་འཐབ་རྩོད་གནང་མཁན་མི་རིགས་སུ་ཡིན་ནའང་། དེ་ལ་ལམ་ཁ་གཉིས་མ་གཏོགས་མེད་པ་འདྲ་པོ་ཞིག་རེད་འདུག གཅིག་དེ་ལོ་རྒྱུས་ཀྱི་གནས་བབ་སླར་གསོ་བྱ་རྒྱུ་དང་། གཞན་དེ་མང་ཚོགས་ཀྱི་ཐག་གཅོད་གཞི་རྩར་འཛིན་དགོས་པ་དེ་རེད། དེ་གཉིས་མ་གཏོགས་འགྲོ་ས་གསུམ་པའི་ལམ་ཁ་ཞིག་ཡོད་མ་རེད། དེ་གཉིས་ལ་དེང་སང་གི་རྒྱལ་སྤྱིའི་ཁྲིམས་ཀྱི་གནས་བབ་ཐོག་ནས་ངོས་འཛིན་གསལ་པོ་བྱེད་ཀྱི་ཡོད་ལ། དེ་སྣང་མེད་གཏོང་ཐུབ་རྒྱུའི་གནས་བབ་ཅིག་ཡོད་མ་རེད། དེ་ཚོའི་ཐོག་ལ་བསམ་བློ་བཏང་ནས་ལས་དོན་སྔར་ལྷག་ཤུགས་ཆེ་རུ་གཏོང་དགོས་པ་གལ་ཆེན་པོ་རེད།
དེ་རིང་གཞོན་ལྷན་དབུ་བརྙེས་ནས་ལོ་ངོ་ ༥༣ འཁོར་བའི་དུས་དྲན་ཚོགས་ཐུབ་པར་ཧ་ཅང་ཡག་པོ་བྱུང་སོང་བས། ངས་སླར་ཡངགཞོན་ལྷན་དབུས་ས་གཉིས་ཀྱི་ཚོགས་གཙོ་གཙོས་པའི་ཚོགས་མི་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མཐའ་དོན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་བཞེད་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་སའི་ལས་དོན་ཐམས་ཅད་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་གནང་སོང་། མཐར་གཞོན་ལྷན་ཚོགས་གཞོན་བཀྲ་ཤིས་དར་རྒྱས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སོང་།
གཞན་ཡང་མཛད་སྒོའི་ཐོག་བོད་ཀྱི་རིག་གཞུང་གཞས་སྣ་འཁྲབ་སྟོན་དང་། ཐག་འཐེན་འགྲན་བསྡུར་བཅས་གནང་སོང་བ་བཅས། །