༄༅། །ཀརནཱ་ཊཀ་མངའ་སྡེའི་ནང་བོད་མིའི་གཞིས་ཆགས་ཆེ་ཁག་ལྔ་གནས་ཡོད་ཅིང་། དེ་ཡང་ཐོག་མ་ལུགས་ཟུང་བསམ་གྲུབ་གླིང་དང་། མོན་གྷོ་འདོད་རྒུ་གླིང་། བདེ་སྐྱིད་སླར་གསོ། ཧོན་སུར་རབ་རྒྱས་གླིང། ཀོ་ལེ་གྷལ་དོན་ལྡན་གླིང་བཅས་རིམ་བཞིན་གཞིས་ཆགས་དབུ་ཚུགས་ཡོད།
སྐབས་དེའི་མངའ་སྡེ་གཞུང་གི་བློན་ཆེན་ནི་ཇ་ལིང་ག་པ་ (S.Nijalingappa) མཆོག་གིས་གཙོས་མངའ་གཞུང་དཔོན་རིགས་ཁག་ནས་ད་བར་བོད་མི་ཚོར་བཀའ་དྲིན་རླབས་ཆེན་བསྐྱངས་གནང་མཛད་ཡོད་པ་མཐོང་ཆོས་སུ་གནས། དམིགས་བསལ་ཕྱི་ལོ་ ༢༠༡༩ ས་བཟུང་གཞིས་ཆགས་ཁག་ལྔ་དང་ལྷོ་སྤྱི་ལས་ཁུངས་ཀྱི་འཛིན་སྐྱོང་འགྲོ་གྲོན་དང་། ཤེས་ཡོན། སྤྱི་ཚོགས་བདེ་དོན། རྒས་གསོ་ཁང་། རིགས་གཞུང་གཅེས་འཛིན། ཉམ་ཐག་ཁང་པ་ཉམས་གསོ། ཁོར་ཡུག་སྲུང་སྐྱོབ། སློབ་ཕྲུག་གུང་ཟས། ཡུལ་ཁོར་སྤྲོ་འཆམ་དར་སྤེལ། གཞོན་སྐྱེས་ནུས་སྟོབས་དང་རྩེད་རིགས། གྲོང་གསེབ་ཡར་རྒྱས་བཅས་ཀྱི་ཆེད་རོགས་དངུལ་ཞུས་ཐོབ་བྱུང་ཡོད། དེ་ཡང་རྩིས་ལོ་ ༢༠༡༩་་༢༠ ནང་རོགས་དངུལ་ས་ཡ་ ༣༠ བཀའ་འཁྲོལ་བྱུང་ཡོད། དེ་རྗེས་རྩིས་ལོ་ ༢༠༢༠་་༢༡ ནས་ ༢༠༢༢་་༢༣ བར་ལོ་གསུམ་རིང་ས་ཡ་ ༣༠ ཚབ་ས་ཡ་ ༢༠ བཀའ་འཁྲོལ་ཐོབ་ཡོད། འདི་ལོའི་རྩིས་ལོ་ ༢༠༢༣་་༢༤ ནང་རོགས་དངུལ་ས་ཡ་ ༣༠ བཀའ་འཁྲོལ་གནང་གཏན་འཁེལ་ཡོད་པར་ལྷོ་སྤྱི་ལས་ཁུངས་ནས་བོད་མིའི་སྒྲིག་འཛུགས་དང་ལྷོ་གཞིས་ཁག་ལྔ་ཚབ་ཞུས་སྟེ་མངའ་གཞུང་དང་མི་མང་བཅས་ལ་དུས་ནས་དུས་སུ་ཐུགས་རྗེ་བླ་མེད་དུ་ཆེ་ཞུ་མུས་དང་སྦྲགས་མུ་མཐུད་རོགས་སྐྱོར་ཡོང་བ་དང་། ལྷག་པར་དུ་ལས་འཆར་སོ་སོའི་རྒྱབ་ལྗོངས་དང་དམིགས་ཡུལ་དགོས་མཁོ་བཅས་ཀྱི་གནད་འགྲེལ་ PPT བརྒྱུད་ལམ་ནས་མངའ་གཞུང་ཁྲལ་བསྡུ་ལས་ཁུངས་སུ་ཡིག་ངག་གཉིས་ཐོག་སྙན་འབུལ་ཞུས་པ་ཙམ་མིན་པར། ཕྱི་ཚེས་ ༢༠༢༣།༡༠།༧ ཉིན་དེ་གའི་དྲུང་ཡིག་ཆེན་མོའི་གཙོ་སྐྱོང་གི་ཚོགས་འདུའི་ཐོག་ཁྲལ་བསྡུ་ལས་ཁུངས་ཀྱི་རོགས་དངུལ་ཐོབ་བཞིན་པ་སྡེ་ཚན་གཞན་ ༢༦ ཡོད་པ་དེའི་འཕྲོས་ལྷོ་སྤྱི་ཁྱབ་ཁོངས་གཞིས་ཆགས་ལྔའི་འཕྲལ་ཕུགས་རྒྱང་གསུམ་གྱི་གནད་དོན་ཡོངས་རྗོགས་ངོ་སྤྲོད་ཞུ་རྒྱུའི་གོ་སྐབས་ཞུས་ཐུབ་པ་བྱུང་ཡོད་པ་བཅས།།