༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༩ ཚེས་ ༠༢ ཉིན་ཨོསྟྲེ་ལི་ཡཱའི་སྐུ་ཚབ་དོན་གཅོད་ཀརྨ་སེངྒེ་ལགས་ཨོསྟྲེ་ལི་ཡཱའི་ནུབ་ཕྱོགས་པེར་ཏ་ (Perth) ས་གནས་སུ་ཆེད་ཕེབས་ཀྱི་བོད་མིའི་མང་གཙོའི་དུས་ཆེན་གྱི་མཛད་སྒོར་མཉམ་ཞུགས་གནང་ཡོད་པ་རེད།
དེ་ཡང་ཁོང་པེར་ཏ་ས་གནས་སུ་ཕེབས་སྐབས་ས་གནས་བོད་རིགས་ཚོགས་པའི་ཚོགས་གཙོ་བསྟན་པ་དར་རྒྱས་ལགས་དང་རྒྱུན་ལས་རྣམས་ནས་ཕེབས་བསུ་ཞུས་ཤིང་། ཕྱི་ཚེས་ ༢ ཉིན་བོད་ཀྱི་མང་གཙོའི་དུས་ཆེན་གྱི་མཛད་སྒོའི་ཐོག་ཁོང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་ནང་དུ་མང་གཙོའི་ལམ་སྲོལ་གཏོད་གནང་མཛད་ཚུལ་དང་། བོད་མིའི་མང་གཙོའི་འཕེལ་རིམ་ཁྲོད་ཀྱི་གལ་གནད་ཆེ་བའི་གནས་ཚུལ་ཁག་ཅིག་གསལ་སྟོན་གནང་བ་མ་ཟད། སྐུ་ཚབ་དོན་གཅོད་ཁང་གི་ལས་འགན་དང་། ལས་དོན་བྱེད་ཕྱོགས་སྐོར་ངོ་སྤྲོད་གནང་ཡོད། གཞན་ཡང་སྐུ་ཚབ་དོན་གཅོད་ནས་ཨོསྟྲེ་ལི་ཡཱ་ནུབ་རྒྱུད་ཀྱི་བོད་རིགས་ཚོགས་པའི་རྒྱུན་ལས་གསར་པ་རྣམས་ལ་འཚམས་འདྲི་དང་ལས་ཁྱུར་རྒྱུན་ལས་རྣམས་ལ་ལེགས་གསོལ་བསྔགས་བརྗོད་དང་གཟེངས་བསྟོད་ཕྱག་འཁྱེར་གནང་སྟེ། བོད་མིའི་སྤྱི་ཚོགས་ཁྲོད་འཆམ་མཐུན་རྡོག་རྩ་ཆིག་སྒྲིལ་དགོས་རྒྱུ་གལ་ཆེན་པོ་ཡིན་པ་དང་། སྐབས་གསར་པའི་རྒྱུན་ལས་རྣམས་ལ་སྐུ་ཚབ་དོན་ཁང་ནས་རྒྱབ་སྐྱོར་གནང་རྒྱུའི་ངོས་བཞེས་གནང་ཡོད་པ་བཅས།།