༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༩ ཚེས་ ༦ གི་སྔ་དྲོ་ཚུ་ཆོད་ ༩ པ་ཙམ་ལ་ཐའེ་ཝན་ཨ་རིའི་གཞུང་ཚབ་ཁང་གི་ཆབ་སྲིད་སྡེ་ཚན་གྱི་སྣེ་འཁྲིད་འོག་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚན་པའི་ལས་བྱེད་འགན་འཛིན་སྐུ་ཞབས་པི་རོ་ཀྲོ་ཛ་(PIERO A. TOZZA) ལགས་དང་། འགན་འཛིན་གཞོན་པ་སྐུ་ཞབས་མཊ་ཨི་སི་ཁྱུ་རི་(MATT SQUERI) ལགས། སྲིད་བྱུས་དང་རླུང་འཕྲིན་བརྒྱུད་ལམ་གྱི་འགན་འཛིན་སྐུ་ཞབས་ཨི་སི་ཀོཊ་ཕི་ལིབ་སི་ (SCOTT E. FLIPSE) ལགས། ཉམས་ཞིབས་པ་ལྕམ་སྐུ་ཨེ་ན་ཨི་སི་ཀོཊ་ (ANNA SCOTT BELL) ལགས་བཅས་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་སུ་ཕེབས་ཏེ་སྐུ་ཚབ་དོན་གཅོད་གཙོས་པའི་ལས་བྱེད་ལྷན་དུ་ཆུ་ཚོད་གཅིག་ལྷག་རིང་བོད་དོན་སྐོར་བགྲོ་གླེང་དང་བསམ་ཚུལ་བརྗེ་ལེན་ཞུས་ཡོད་པ་རེད།
སྐབས་དེར་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་དྲུང་ཆེ་མི་འགྱུར་གཡུ་སྒྲོན་ལགས་དོན་ཁང་གི་ཁང་འོག་ཏུ་ཕེབས་བསུར་བཅར་བ་དང་། སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ནས་ཕེབས་བསུའི་མཇལ་དར་སྒྲོན་རྗེས་དང་ཐོག་དོན་ཁང་གི་ཡིག་ཚང་དང་ལས་བྱེད་རྣམས་ངོ་སྤྲོད་ཞུས། དེ་ནས་དོན་ཁང་གི་མཆོད་ཁང་དུ་ཕེབས་བསུ་ཞུས་ཏེ་ལྷན་ཚོགས་ཐོག་སྐུ་ཚབ་དོན་གཅོད་ནས་དགའ་བསུའི་འཚམས་འདྲི་ཞུས་རྗེས། དོན་ཁང་གི་ཕུག་དམིགས་དང་ལས་དོན་འགན་འཁུར་ཇི་ཞུས། ཐའེ་ཝན་གི་བོད་མི་དང་ཆོས་ཚོགས། ཐའེ་ཝན་གཞུང་དང་མི་མང་གི་བོད་དོན་ལ་བལྟ་སྟངས་དང་རྒྱབ་སྐྱོར་ཇི་ཡོད་སྐོར་ངོ་སྤྲོད་རོབ་ཙམ་ཞུས་རྗེས་བགྲོ་གླེང་དང་བསམ་ཚུལ་བརྗེ་ལེན་ཞུས་ཡོད།
དེ་ནས་སྐུ་མགྲོན་རྣམ་པས་སོ་སོའི་ལས་གནས་དང་ཉམས་ཞིབ་ཀྱི་བརྗོད་གཞིའི་སྐོར་ངོ་སྤྲོད་ཞུས་པ་དང་། ཁ་ཤས་ཀྱིས་བཞུགས་སྒར་རྡ་རམ་ས་ལར་ཕེབས་པའི་མྱོང་ཚོར་ཡང་གསུངས། དེ་ནས་སྐུ་ཚབ་དོན་གཅོད་ནས་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་ཏེ། ཞི་ཇིང་ཕིང་གི་དུས་རབས་གསར་པའི་བོད་སྐྱོང་སྲིད་བྱུས་ཞེས་པ་དོན་ཚན་ལྔ་རུ་ཕྱེས་ཏེ་བོད་ཀྱི་ཆོས་དང་རིག་གཞུང་། མི་རིགས། སྐད་ཡིག་སོགས་རྩ་མེད་གཏོང་བཞིན་པའི་ཆེས་ཛ་དྲག་གི་གནས་སྟངས་དཔེ་མཚོན་དང་བཅས་འགྲེལ་བརྗོད་མཐིལ་ཕྱིན་ཞུས།
སྐུ་ཚབ་རྣམ་པས་རྒྱ་གཞུང་ནས་བོད་ཐོག་འཛིན་པའི་དྲག་རྩུབ་ཅན་ཀྱི་སྲིད་བྱུས་ལ་ཨ་རིའི་གཞུང་དང་མི་མང་ནས་གདུང་སེམས་མཉམ་སྐྱེ་ཞུ་བཞིན་ཡོད་པ་དང་། ཡང་སྒོས་སུ་སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་སོགས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་རླབས་ཆེན་གྱི་དགོངས་པ་ལ་རྩེ་གཅིག་ཏུ་གུས་བརྩི་ཞུས་པའི་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་བློ་སེམས་བརྟན་པོ་ཡོད་ཅེས་གསུངས་ཡོད། དེ་ནས་དོན་གཅོད་ལས་ཁུངས་སུ་ཨ་རི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚན་པའི་ཕྱི་ལོ་ ༢༠༢༢ ལོའི་ལོ་འཁོར་སྙན་ཐོའི་ནང་བོད་དོན་སྐོར་བཀོད་ཡོད་པ་ངོ་སྤྲོད་དང་བཅས་དེབ་ཅིག་གནང་བ་དང་། དོན་གཅོད་ལས་ཁུངས་ནས་སྐུ་ཚབ་རྣམ་པར་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ནས་སྤར་བསྐྲུན་ཞུས་པའི་ཕྱི་ལོ་ ༡༩༥༩ ནས་ ༢༠༢༢ བར་རྒྱལ་སྤྱིའི་ནང་བོད་ཐོག་བཞག་པའི་གྲོས་ཆོད་དང་ངོས་ལེན་ཞེས་པའི་དེབ་ཅིག་དང་། རྒྱ་གཞུང་གིས་མི་སེར་སྤེལ་ཡུལ་གྱི་སློབ་གྲྭའི་ནང་བོད་པའི་བྱིས་པ་ས་ཡ་གཅིག་ལྷག་བཙན་དབང་ཁྲིམས་འགལ་ཐོག་སློབ་འཇུག་བྱེད་པའི་དགོས་པ་དམིགས་ཡུལ་དང་དེའི་མ་འོངས་ཤུགས་རྐྱེན། སྲིད་བྱུས་དེ་དག་འཕྲལ་དུ་གདོང་ལེན་གནང་ཕྱོགས་གསལ་བའི་ཡིག་ཆ་སོགས་ཕུལ་ཡོད།
ཨ་རིའི་སྐུ་ཚབ་ཚོགས་ཆུང་ཐའི་ཝན་དུ་ཕྱི་ལོ་ ༢༠༢༣ ཟླ་ ༩ ཚེས་ ༦ ཕྱི་དྲོ་ནས་ཕྱི་ཚེས་ ༨ བར་ཆོས་ལུགས་རང་དབང་གི་ཚོགས་ཆེན་ཐོག་ཕེབས་པ་ཞིག་རེད་འདུག་པ་དང་། ཚོགས་འདུ་དེར་བོད་པའི་སྐུ་ཚབ་ཏུ་ཐའི་ཝན་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱང་བཅར་རྒྱུ་ཡིན་པ་བཅས། །