༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༩ ཚེས་ ༢༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཕགས་ཡུལ་བཀྲ་ཤིས་ལྗོངས་གདན་ས་ཁམས་པ་སྒར་གྱི་བཤད་གྲྭ་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་གཙུག་ལག་སློབ་གཉེར་ཁང་གསར་པ་རྟེན་དང་བརྟེན་པར་བཅས་པ་གསར་བཞེངས་ལེགས་གྲུབ་བྱུང་བ་དབུ་འབྱེད་དང་འབྲེལ་བློ་སྦྱོང་ཚིགས་བརྒྱད་མའི་ཆོས་འབྲེལ་བཀའ་དྲིན་སྩལ་ཡོད།དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་བདུན་པ་ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཕོ་བྲང་ནས་ཆིབས་བསྒྱུར་གྱིས་ཆུ་ཚོད་དགུ་པ་མ་ཟིན་ཙམ་ལ་ཀང་རཱ་རྫོང་ཁོངས་བཀྲ་ཤིས་ལྗོངས་སུ་རྟེན་གཞི་བྱས་པའི་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་གཙུག་ལག་སློབ་གཉེར་ཁང་དུ་༸ཞབས་སོར་བདེ་བར་འཁོད་སྐབས་ཁམས་སྒར་གྱི་བཤད་གྲྭའི་འདུས་མང་ནས་སྤྱན་རྒྱ་སྤོས་སྣེས་མདུན་བསུ་དང་འབྲེལ་ཁམས་སྤྲུལ་རིན་པོ་ཆེ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་བཅས་ཀྱིས་ཕེབས་བསུའི་སྣེ་ལེན་དང་བཅས་སློབ་གཉེར་ཁང་དབུ་འབྱེད་ཀྱི་དར་ཚོན་བཅད་ཅིང་། བཞུགས་ཁྲིར་འཁོད་མཚམས་ཁམས་སྤྲུལ་རིན་པོ་ཆེ་མཆོག་དང་། ཚོགས་ཉིད་རིན་པོ་ཆེ་མཆོག ཆོས་རྒྱལ་རིན་པོ་ཆེ་བཅས་ཀྱིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས་ཁམས་སྤྲུལ་རིན་པོ་ཆེ་མཆོག་གིས་ཕེབས་བསུ་དང་འབྲེལ་གསུང་བཤད་གནང་ཡོད།སྐབས་དེར་ཁམས་སྤྲུལ་རིན་པོ་ཆེ་མཆོག་གིས། ད་ལྟའི་རྟེན་འབྲེལ་མཛད་སྒོ་གནང་བའི་བཤད་གྲྭ་འདི་ཡི་ལོ་རྒྱུས་ནི། སྔར་མདོ་ཁམས་སུ་ཁམས་སྤྲུལ་རིན་པོ་ཆེའི་སྐུ་རབས་དང་པོའི་ཁམས་པ་སྒར་ཞེས་པའི་འབྲུག་པ་བཀའ་བརྒྱུད་ཀྱི་དགོན་པ་དེ་དང་འབྲེལ་བ་ཞིག་ཡིན། ཁམས་པ་སྒར་ནི་མདོ་ཁམས་ཕྱོགས་སུ་དཔལ་ལྡན་འབྲུག་པ་བཀའ་བརྒྱུད་ཀྱི་མ་དགོན་ཨ་མ་གཅིག་པུ་དེ་ཡིན་འདུག་ལ། དེའི་ཡན་ལག་བོད་ལ་དུས་འགྱུར་མ་བྱུང་བར་དགོན་པ་དང་ཉིང་ལག་བཙུན་དགོན་ཆེ་ཆུང་། རི་ཁྲོད་སོགས་ཉིས་བརྒྱ་ལྷག་ཙམ། ཁམས་ལྷ་ཐོག ནང་ཆེན། སྡེ་དགེ ཆབ་མདོ། གོ་འཇོ། རེ་ཁེ། གླིང་ཚང་། ལྷོ་རོང་། དཔའ་ཤོད་སོགས་ལ་ཁྱབ་འཕེལ་ངང་ཡོད། ཅེས་དང་།ཁམས་པ་སྒར་ཐོག་མའི་དབུ་འཛུགས་མཁན། ཁམས་སྤྲུལ་སྐུ་ཐོག་དང་པོ། ངག་དབང་བསྟན་འཕེལ་ནས་ངོས་ཀྱི་སྐུ་གོང་མ། ཁམས་སྤྲུལ་དོན་བརྒྱུད་ཉི་མའི་བར་གྱི་བླ་རབས་རྣམས་ལ། རྒྱལ་དབང་དོན་གྱི་བདག་པོ་ཐམས་ཅད་མཁྱེན་པ་སྐུ་ཕྲེང་ལྔ་པ་ཆེན་པོ་ནས་བཟུང་། ༸རྒྱལ་བ་རིན་པོ་ཆེ་ཐམས་ཅད་མཁྱེན་པ་སྐུ་ཕྲེང་རིམ་བྱོན་ནས། ཐུགས་བརྩེའི་གཟིགས་པ་ཟབ་མོ་ཡོད་པའི་དཔང་རྟགས་བཀའ་ཤེ་བམ་ཆེན་པོ་རྣམས། ད་ལྟ་དགོན་འདིའི་ནང་རྟེན་དུ་ཡོད་པ་རྣམས་ལས་གསལ། ཞེས་སོགས་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱིས་ཤེ་བམ་གནང་བ་སོགས་འདས་པའི་ལོ་རྒྱུས་ཀྱི་འབྲེལ་བ་ཐུན་མོང་མ་ཡིན་པའི་སྐོར་སོགས་གསུང་བཤད་གནང་།
དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བློ་སྦྱོང་ཚིགས་བརྒྱད་མའི་ཆོས་འབྲེལ་དང་འབྲེལ་བླང་དོར་བཀའ་སློབ་བཀའ་དྲིན་སྩལ་དོན། ཆོས་གྲོགས་རྣམ་པ་ལྷན་རྒྱས་ལ་ཞུ་རྒྱུར། མགོ་སྟོད་རྒྱ་གུང་ཁྲན་གྱིས་ཆོས་ལུགས་དང་མི་གཉིས་ཀར་དམ་དྲག་བྱས་པ་དེ་ལྟར་རེད། གཙོ་བོ་བོད་རྒྱ་ཆེའི་མི་མང་གི་ཆོས་དད་དང་མི་རིགས་ཀྱི་ཞེན་ཁོག སྙིང་སྟོབས་བཅས་ཀྱི་ཐོག་ནས་བོད་ཀྱི་ཆོས་དང་རིག་གཞུང་དུས་ད་ལྟའི་བར་དུ་ཉམས་པ་མེད་པར་ཚང་མས་དོ་སྣང་བྱས་ཏེ། དེང་སང་བོད་མི་ཙམ་དུ་མ་ཟད་རྒྱ་རིགས་མང་པོའི་ནང་དུའང་དོ་སྣང་སླེབས་པ་ཆགས་ཡོད། དེ་ཙམ་དུ་མ་ཟད་འཛམ་གླིང་འདིའི་སྟེང་དེ་སྔ་ནང་ཆོས་དང་འབྲེལ་བ་མེད་པའི་ཡུལ་གྲུ་ཁག་མང་པོ་ནས་དོ་སྣང་གསར་པ་བྱེད་བཞིན་འདུག ལྷག་པར་ཚན་རིག་གི་མཁས་པའི་གྲས་ནས་ནཱ་ལེནྡྲའི་མཁས་པའི་གཞུང་དུ་གསུངས་པའི་སེམས་ཁམས་རིག་པའི་སྐོར་ལ་དམིགས་བསལ་གྱིས་དོ་སྣང་བྱེད་ཀྱི་འདུགབོད་ཀྱི་སངས་རྒྱས་པའི་བསྟན་པ་འདི་སེམས་ཁམས་རིག་པ་དང་འབྲེལ་ནས་ཡོད་པས་དེ་སྔ་ནང་ཆོས་ལ་འབྲེལ་བ་མེད་མཁན་དང་། ད་ལྟ་ཡིན་ནའང་ནང་ཆོས་ལ་འབྲེལ་བ་མེད་མཁན་ཞིག་ཡིན་ནའང་སེམས་ཁམས་རིག་པའི་སྐོར་ལ་དོ་སྣང་གསར་པ་བྱས་ཏེ། དཔེར་ན། ངོས་ཀྱི་སར་ཚན་རིག་པ་མང་པོ་སྐད་ཆ་འདྲི་ཆེད་ཐུག་འཕྲད་དུ་ཡོང་གི་འདུག
དེ་བཞིན་ཆོས་རྣམས་ཀྱི་ཡིན་ལུགས་ཕར་བཙལ་ནས་སོང་ཚེ་བཏགས་དོན་བཙལ་ནས་རྙེད་རྒྱུ་མེད་པ་ཞིག་ཡིན་པའི་ཐོག་ལའང་ཚན་རིག་པས་དོ་སྣང་བྱེད་ཀྱི་འདུག་ལ། ང་རང་ཚོའི་ནང་པའི་གཞུང་དུ་སེམས་པ་བཟང་པོ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ཟུང་དུ་སྦྲེལ་ནས་འགྲོ་བཞིན་ཡོད། སྟོང་པ་ཉིད་ཀྱི་ལྟ་བ་ནི་སོ་སོའི་མྱོང་བ་དང་། གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་གང་དང་གང་ཡིན་ནའང་ང་ཚོར་སྣང་ཡོང་དུས་དོན་སྟེང་ནས་གྲུབ་ཡོད་པར་སྣང་གི་ཡོད་ཀྱང་། བཏགས་དོན་བཙལ་ཚེ་རྙེད་རྒྱུ་མེད་པ་ཧ་ཅང་གསལ་བོ་རེད། དེར་བརྟེན་ནང་པའི་གཞུང་དུ་སྣང་སྲིད་ཀྱི་ཆོས་ཐམས་ཅད་མིང་རྐྱང་བཏགས་ཡོད་ཙམ་ཟེར་བ་ནི་ཞེ་ས་མ་ཞུས་ན་བསམ་བློ་བཏང་བའི་སྐད་ཆ་རེད། དེང་སང་ཚན་རིག་གི་མཁས་པའི་གྲས་ནས་འདི་ལ་དམིགས་བསལ་གྱིས་དོ་སྣང་བྱེད་བཞིན་འདུགངོས་རང་ལ་མཚོན་ན་ནང་པའི་དགེ་སློང་ཞིག་ཡིན་པ་དང་། ཞོགས་པ་ཡར་ལངས་པ་དང་བྱང་ཆུབ་ཀྱི་སེམས་ལ་བསམ་བློ་དགའ་རབ་ཅིག་བཏང་རྗེས་སྟོང་ཉིད་ཀྱི་ལྟ་བ་ལའང་བསམ་བློ་དགའ་རབ་གཏོང་གི་ཡོད། ཆོས་ཀྱི་སྙིང་པོ་བྱང་ཆུབ་ཀྱི་སེམས་དང་ཡང་དག་པའི་ལྟ་བ་འདི་གཉིས་ཧ་ཅང་གལ་ཆེན་པོ་ཆགས་ཡོད། བྱང་ཆུབ་སེམས་ཀྱིས་རང་གཅེས་པར་འཛིན་པའི་གཅེས་འཛིན་ང་རྩ་ཆེན་པོ་རེད་ཅེས་གཞན་ལ་དེ་ཙམ་དོ་སྣང་མི་བྱེད་པ་སེལ་བའི་ཆེད་དུ་གཞན་གཅེས་འཛིན་གྱི་བློ་སྦྱང་ནས་སེམས་ཅན་ཚང་མར་སེམས་ཐག་ཉེ་བོ་ཡོད་པ་ཞིག་ལ་བརྟེན་ནས་སེམས་ཅན་ཐམས་ཅད་ལ་ཕན་བདེ་སྒྲུབ་པའི་བློ་བསྐྱེད་དགོས། རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །ཞེས་གསུངས་པ་ལྟར་རང་དོན་སྒྲུབ་པ་ལ་བྱང་ཆུབ་ཀྱི་སེམས། གཞན་དོན་སྒྲུབ་པའང་བྱང་ཆུབ་ཀྱི་སེམས་རེད། དེ་ལྟ་བུའི་སེམས་པ་བཟང་པོ་དེས་དངོས་གནས་སོ་སོའི་སེམས་སྐྱིད་པ། སེམས་སྐྱིད་པའི་ཞོར་ལ་ལུས་བདེ་བ། བསམ་བློའི་ནང་དུ་ཅི་ཙམ་གྱིས་གཞན་གཅེས་པར་འཛིན་པའི་བློ་ཡོད་པའི་ཚོད་ཀྱིས་བསམ་བློ་ལྷོད་ཤིག་ཤིག་ཆགས་ཀྱི་འདུག ཧ་ཅང་ཁྱད་པར་འདུག དེར་བརྟེན་སོ་སོའི་སེམས་ཀྱི་ཞི་བདེ་ཡོང་བ་ལ་བྱང་ཆུབ་ཀྱི་སེམས་སྒོམ་པས་ཧ་ཅང་ཕན་ཐོགས་ཡོད་པ་དང་། སེམས་ཀྱི་ཞི་བདེ་ཡོད་ཚེ་ལུས་ཀྱི་འཕྲོད་བསྟེན་ལ་མཚོན་ནའང་ཕན་ཐོགས་ཧ་ཅང་ཆེན་པོ་འདུག སེམས་ལ་ང་རྒྱལ་དང་ཕྲག་དོག འགྲན་སེམས་སོགས་ཀྱི་བསམ་བློ་ཤུགས་ཆེན་པོ་ཡོད་ཚེ་སེམས་མ་སྐྱིད་པ་ཆགས་ཡོང་བ་ཆོས་ཉིད་རེད། ཅེས་སོགས་འཛམ་གླིང་ཞི་བདེའི་བསྐྲུན་ཐབས་སྐོར་ལ་ལམ་སྟོན་བཀའ་སློབ་ཟབ་རྒྱས་སྩལ་རྗེས་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མའི་བཤད་ལུང་བཀའ་དྲིན་སྩལ།
མཐར་ལུས་ལ་ཆོས་གོས་གྱོན་ནས་སེམས་འཇིག་རྟེན་ཕལ་བ་ནང་བཞིན་སྡད་ཚེ་ཤིན་ཏུ་མ་འོས་པ་ཡིན་པས། ལུས་ལ་ཆོས་གོས་སྣམ་གསུམ་གྱོན་པ་ནང་བཞིན་སེམས་ལ་བསླབ་པ་གསུམ་གྱི་ཉམས་ལེན་ཡག་པོ་བྱས་ཏེ། སེམས་ཞི་ཞིང་དུལ་བ། ངག་འཇམ་པ། དེ་ཡང་ལུང་དང་རིགས་པའི་ཐོག་ནས་འགྲེལ་བཤད་རྒྱག་རྒྱུ་ཡོད་པ་ལ་ཚང་མས་ཧུར་ཐག་གནང་རོགས་ཞེས་ཞུ་རྒྱུ་ཡིན། ཞེས་བཀའ་སློབ་སྩལ་རྗེས་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་གཙུག་ལག་སློབ་གཉེར་ཁང་གསར་བཞེངས་ཀྱི་སྦྱིན་བདག་ཁག་ལ་ཕྱག་རྟགས་སྩལ་བ་དང་། ཉིན་གུང་ལྗགས་སྨིན་གནང་རྗེས་རྡ་རམ་ས་ལའི་ཕོ་བྲང་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་བཅས།།